《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月02日

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས“ཤུགས་སྣོན་གསུམ”བརྒྱབ་ནས་གཞི་རིམ་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བ།

མང་ཚོགས་ཀྱི“ནད་གཞི་ཚབས་ཆུང་རིགས”སྒོ་རྩར་བཅོས་ཐུབ་པར་བྱས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། 2023ལོའི་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཀྱིས་གོང་རིམ་ལ་ཞུས་པའི་ཤང་དང་གྲོང་རྡལ་སྨན་ཁང་གི་སྨན་དོན་པའི་ཆུ་ཚད་ལ་ཚད་ཡོད་པ་དང་རྨང་གཞིའི་སྒྲིག་བཀོད་ཞན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་གྱིས་གཞི་རིམ་སྨན་བཅོས་ཀྱི་ད་ལྟའི་གནས་ཚུལ་དང་མང་ཚོགས་ཀྱི་དགོས་མཁོ་གསལ་རྟོགས་བྱེད་པ་དང་། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་གྱིས་མང་ཚོགས་ལ་སྨན་བཅོས་ཁོར་ཡུག་ཡག་པོ་སྐྲུན་པ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ལ“ནད་གཞི་ཚབས་ཆུང་རིགས”སྒོ་རྩར་སྨན་བཅོས་ནུས་ལྡན་ཐུབ་པར་བྱས་པ་རེད།

གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་སྨན་བཅོས་ཀྱི་ད་ལྟའི་གནས་ཚུལ་དང་མང་ཚོགས་ཀྱི་དགོས་མཁོ་གསལ་རྟོགས་བྱས་ཤིང་། གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་དང་སྨན་རྫས་ཀྱི་དགོས་མཁོ་ཏན་ཏིག་སྐོང་ཆེད། བྲག་ཡིབ་ཆུས་ཀྱིས་འབྲེལ་ཡོད་ལས་དོན་མི་སྣ་ཤང་དང་གྲོང་རྡལ་ཁག་གི་འཕྲོད་བསྟེན་ཁང་དང་གྲོང་ཚོ་ཁག་གི་སྨན་དོན་ཁང་དུ་བརྟག་ཞིབ་བྱེད་པར་བཏང་ནས། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་སྨན་དོན་ཁང་གི་ཤེས་ལྡན་པའི་དཔུང་ཁག་གི་གྲུབ་ཆ་དང་། སྨན་བཅོས་བརྟག་དཔྱད་ཀྱི་འཇོན་ཐང་། རྨང་གཞིའི་སྒྲིག་བཀོད་སྒྲིག་ཆས། སྨན་རྫས་སྣ་ཁ་འཛོམས་་མིན་བཅས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ད་དུང་གཞི་རིམ་གྱི་སྨན་དོན་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་འཆར་ཉན་ནས་བརྟག་ཞིབ་སྙན་ཞུ་བྲིས་པ་རེད། ས་ཁུལ་མི་དམངས་སྨན་ཁང་གི་ལག་རྩལ་རྐང་འཛིན་པ་ཟུར་འཐེན་བྱས་ནས་མཉམ་འབྲེལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུཌ་ཏེ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་7དང་གྲོང་ལྷན་15ལ་སྨན་བཅོས་སྒྲིག་ཆས་སྲུང་སྐྱོང་དང་། བདག་སྐྱོང་། དེ་བཞིན་སྨན་དོན་པའི་ལས་འགན་སྒྲུབ་པའི་འཇོན་ཐང་སོགས་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པར་བསྐྱོད་ཅིང་། དེའི་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་འཕྲལ་མར་མཛུབ་ཁྲིད་དང་ཡོ་བསྲང་བྱས་པ་སྟེ། ཐུན་མོང་གི་གནད་དོན་ཁག་6སྔ་རྗེས་སུ་གསེད་བཀྲོལ་དང་གྲལ་བཤེར་བྱས་པ་དང་དཀའ་ངལ་དང་གནད་དོན་མི་འདྲ་བ་ཁག་15ཐག་གཅོད་བྱས་པ་རེད།

དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཞིང་། གྲོང་ཚོ་ཡོངས་ལ་ཁྱབ་པའི་སྨན་པ་གསོ་སྦྱོང་གི་འཆར་གཞིར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། གཅིག་སྡུད་ཀྱིས་སློབ་སྦྱོང་དང་། གཞི་རིམ་གྱི་སྨན་དོན་པ་གོང་རིམ་སྨན་ཁང་དུ་ཟབ་སྦྱོང་བྱེད་པ། གོང་རིམ་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱིས“བརྒྱུད་རོགས་ཁྲིད་གསུམ”བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཤང་གྲོང་རྡལ་དང་གྲོང་ཚོའི་སྨན་དོན་པའི་བཀོལ་སྤྱོད་ནུས་པ་དང་སྨན་བཅོས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད། མིག་སྔའི་བར། བྲག་ཡིབ་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གྲོང་ཚོའི་སྨན་པར་གཅིག་སྡུད་གསོ་སྦྱོང་ཐེངས་5བྱས་པ་དང་། སྨན་བཅོས་གཅིག་མཐུན་ཚོགས་པའི་གཅིག་གྱུར་འཆར་འགོད་བརྒྱུད་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་མི་ཐེངས་44ལ་གསོ་སྦྱོང་བྱས་པ་དང་། ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་གྲོང་ཚོའི་འཕྲོད་བསྟེན་ཁང་69ཡི་གྲོང་ཚོའི་སྨན་པ་138ཡོངས་ལ་གསོ་སྦྱོང་ཐེངས་གཅིག་བྱེད་རྩིས་ཡོད་པ་དང་ཏུང་ཀོན་སོགས་སྔོན་ཐོན་ས་ཁུལ་དང་སློབ་སྦྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། ས་བབ་མཐོ་བའི་ས་ཁུལ་གྱི་གྲོང་མིའི་སྨན་བཅོས་ཀྱི་དགོས་མཁོར་དམིགས་ཏེ་ནད་ཐོག་དང་། ནད་སྐྱོང་། སྨན་བཅོས་ལག་རྩལ་སོགས་སྨན་དོན་པའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བཟུང་ནས་སྔ་རྗེས་སུ་སྨན་དོན་པ་15སྒྲིག་འཛུགས་བྱས་ཏེ་ཏུང་ཀོན་གྲོང་ཁྱེར་མི་དམངས་སྨན་ཁང་དང་། ཤང་གྲོང་རྡལ་འཕྲོད་བསྟེན་ཁང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཅས་སུ་ཟབ་སྦྱོང་ལ་བཏང་སྟེ“ཁག་གཅིག་ཕྱིར་སྐྱོད་པ་དང་། ཁག་གཅིག་ནང་དུ་གདན་འདྲེན་པ། ཁག་གཅིག་ལ་སྐུལ་ཁྲིད་བྱེད་པ། ཁག་གཅིག་འཚར་ལོངས་ཡོང་བ”བཅས་ཀྱི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་སྟངས་ཤིག་ཆགས་པར་བྱས་ནས་གཞི་རིམ་གྱི་ནད་རིགས་སྔོན་འགོག་དང་། སྨན་བཅོས། དོ་དམ་བཅས་ཀྱི་འཇོན་ཐང་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།

རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་གྱིས་མང་ཚོགས་ལ་སྨན་བཅོས་ཁོར་ཡུག་ཡག་པོ་བསྐྲུན་ཅིང་། བྲག་ཡིབ་ཆུས་ཀྱིས“ནད་པ་ལྟེ་བར་འཛིན་པ་དང་སྤུས་ཚད་གཙོ་བོར་འཛིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས“འཛུགས་སྐྲུན་སྤུས་དག་ཅན་དང་། དོ་དམ་ཞིབ་ཚགས་ཅན། ཞབས་ཞུ་སྤུས་ལེགས་ཅན”བཅས་ཚད་གཞིར་བཟུང་སྟེ། ཤང་གྲོང་རྡལ(གྲོང་ལྷན)གི་སྨན་བཅོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ནས་སྨན་བཅོས་ཀྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད། སྔ་རྗེས་སུ་སྒོར་ཁྲི་49བཏང་ནས་ལྗོངས་ཡོངས་ཀྱི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་12ལ་སྒྱུར་བཀོད་རིམ་སྤོར་བྱས་པ་དང་། སྒོར་ཁྲི་200བཏང་ནས་སྨན་བཅོས་ཆ་རྐྱེན་བལྟོས་བཅས་ཀྱིས་རྗེས་སུ་ལུས་པའི་བུ་ཆུ་ཤང་དང་དགུང་ཚང་ཤང་གི་འཕྲོད་བསྟེན་ཁང་ལ་སྒྱུར་བཀོད་རིམ་སྤོར་བྱ་རྩིས་ཡོད་པ་རེད། སྨན་བཅོས་སྒྲིག་གཞིའི་སྒྲིག་ཆས་སྒྲིག་བཀོད་ལེགས་སུ་བཏང་བ་བརྒྱུད། གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ལ་ཐག་ཉེ་ས་དང་སྟབས་བདེ་སར་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཁོར་ཡུག་ཧུར་ཐག་བསྐྲུན་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ལ་འགན་སྲུང་གང་ལེགས་བྱས་པ་རེད།

(སྤེན་ཚེ་དང་ཚེ་སྒྲོལ་གྱིས་སྒྱུར་ཞུས་བྱས)