འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལག་རྩལ་བཟོ་པའི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ལག་རྩལ་བཟོ་པའི་སློབ་གླིང་ཁག་གིས་རིམ་རྩིས་བྱས་ན་མི་ཐེངས་ཁྲི་1.5ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ་དང་རིམ་རྩིས་བྱས་ན་མི་ཐེངས་6100ལྷག་ཙམ་ལ་ལས་རིགས་རྩལ་ནུས་རིམ་པའི་གདེང་འཇོག་བྱས་ཡོད། སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་སློབ་གྲྭ་དང་སློབ་གྲྭ་མཉམ་ལས་གཏིང་ཟབ་བྱས་ནས“མངཌ་ཐོའི་ཁ་ཕྱོགས་གཏན་འཁེལ”དང་། “སློབ་གྲྭ་དང་སློབ་གྲྭ་མཉམ་འབྲེལ” “ཐོན་ལས་དང་སློབ་གསོ་མཉམ་འདྲེས”བཅས་ཀྱི་གསོ་སྐྱོང་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། རྩལ་ནུས་ཤེས་ལྡན་པ་གསོ་སྦྱོང་དང་གསོ་སྐྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས། སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་97%ཡན་བརྟན་པོ་བྱུང་ཡོད་པ་རེད། ལག་རྩལ་བཟོ་པའི་སློབ་གསོ་ནི་བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་རྨང་གཞི་གལ་ཆེན་ཞིག་རེད། རང་ལྗོངས་ཀྱིས་ལག་རྩལ་བཟོ་པའི་སློབ་གསོ་སྒྱུར་བཅོས་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྔ་རྗེས་སུ《བོད་ཀྱི་ལག་རྩལ་བཟོ་པའི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》དང《བོད་ཀྱི་ལག་རྩལ་བཟོ་པའི་སློབ་གླིང་དོ་དམ་བྱེད་ཐབས》སོགས་ལེ་ལག་ཚང་བའི་སྲིད་ཇུས་དང་བྱེད་ཐབས་བཏོན་ནས། བོད་ཀྱི་ཁྱད་ཆོས་ལྡན་པའི་ལག་རྩལ་བཟོ་པའི་སློབ་གསོའི་མ་ལག་རགས་ཙམ་བཙུགས་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་ཁྱོན་ལག་རྩལ་བཟོ་ལས་སློབ་གླིང་6ཡོད་པ་ལས་ལག་རྩལ་བཟོ་ལས་སློབ་གླིང་1(བོད་ལྗོངས་ལག་ཤེས་སློབ་གླིང)དང་། གཞུང་གཉེར་ལག་རྩལ་བཟོ་ལས་སློབ་གྲྭ་3(ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་རིམ་ལག་རྩལ་བཟོ་ལས་སློབ་གྲྭ་དང་། གཞིས་རྩེ་གྲོང་ཁྱེར་གྱི་ལག་རྩལ་བཟོ་ལས་སློབ་གྲྭ ཆབ་མདོ་གྲོང་ཁྱེར་གྱི་ལག་རྩལ་བཟོ་ལས་སློབ་གྲྭ་བཅས) དམངས་གཉེར་ལག་རྩལ་བཟོ་ལས་སློབ་གྲྭ་2(བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་ལས་སློབ་གྲྭ་དང་བོད་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ལག་རྩལ་བཟོ་ལས་སློབ་གྲྭ)བཅས་ཡོད་པ་དང་སློབ་གྲྭའི་ལམ་ལུགས་ཀྱི་སློབ་གསོའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་3833དང་ཆེད་ལས་55བཙུགས་ཡོད་པ་རེད།
རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་ལས་དོན་པས་བཤད་པར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྩལ་ནུས་ཤེས་ལྡན་པའི་དཔུང་ཁག་ནི་རང་ལྗོངས་ཀྱིས“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞིའི”སྟོབས་ཤུགས་གལ་ཆེན་ཞིག་ཏུ་བརྩིས་ནས་རྩལ་ནུས་ཤེས་ལྡན་པ་གསོ་སྦྱོང་དང་། གདེང་འཇོག བེད་སྤྱོད། ལྕག་སྐུལ་སོགས་ལ་དོ་ཁུར་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པ་རེད། རིམ་ཁག་མི་སྤྱི་སྡེ་ཚན་གྱིས་འགྲན་བསྡུར་སྣ་ཚོགས་གོ་སྐབས་སུ་བྱས་ནས་ཉམས་མྱོང་གི་ཕན་འབྲས་དང་གསར་གཏོད་ཀྱི་བྱེད་ཐབས་ཕྱོགས་སྡོམ་བྱས་ཏེ་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་དང་། བེད་སྤྱོད། གདེང་འཇོག སྐུལ་ལྕག་བཅས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་རྩལ་ནུས་སློབ་སྦྱོང་དང་། རྩལ་ནུས་ལ་བརྩི་འཇོག རྩལ་ནུས་ལ་མཐོང་ཆེན་བཅས་བྱེད་པའི་གཞོན་ནུ་སློབ་མ་དང་ངལ་རྩོལ་པ་ཁག་གཅིག་གསོ་སྐྱོང་དང་ཤེས་རྟོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།
“རང་སྐྱོང་ལྗོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་ལྔ་པར་ཞུགས་མཁན་ངལ་རྩོལ་པ་མང་པོ་ཡོད་ཅིང་། དེའི་དམིགས་ཡུལ་ནི་རྩལ་ནུས་འགྲན་བསྡུར་བརྒྱུད་ངལ་རྩོལ་པའི་ལས་རིགས་རྩལ་ནུས་ཆེ་རུ་བཏང་ནས། སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་མངོན་འགྱུར་ཡོང་ཆེད་རྩལ་ནུས་ཀྱི་རྨང་གཞི་འདིང་ཆེད་རེད”ཅེས་ཉེ་ཆར་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་རྩལ་ནུས་གདེང་འཇོག་ཁྲུའུ་ཡི་ལས་དོན་པས་ངོ་སྤྲོད་བྱས་པ་རེད།