《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月02日

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས།

སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་རྒྱུའི་གཏན་འབེབས་བྱས་པ།

མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ། 《འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་སྤུས་ཚད་ མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་པ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་4ཚེས་30ཉིན་ཚོགས་འདུ་འཚོགས་ནས། འདི་ལོའི་ཟླ་7པར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་རྒྱུའི་གཏན་འབེབས་བྱས་པ་དང་། གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སེང་ཞུ་རྒྱུ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་གཙོ་གནད་ཐོག་ཞིབ་འཇུག་བྱ་རྒྱུ་རེད། ཚོགས་འདུའི་ཐོག་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། 《འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་བྱས་ཏེ། བསམ་བློར་བཅིངས་འགྲོལ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་ལ་བཅིངས་འགྲོལ་དང་འཕེལ་བར་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་དང་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་སྣེ་ཁྲིད་དུ་བྱེད་པ།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྐུལ་འདེད་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་ས་བཅས་བྱས་ཏེ། མ་ལག་གཅིག་སྡུད་ལ་དེ་བས་མཐོང་ཆེན་དང་། གཙོ་གནད་འབུར་དུ་ཐོན་པར་དེ་བས་མཐོང་ཆེན། སྒྱུར་བཅོས་ཀྱི་ཕན་འབྲས་ལ་དེ་བས་མཐོང་ཆེན་བཅས་བྱས་ནས། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་དང་། སྟེང་གི་བཀོད་པ་དང་དཔལ་འབྱོར་གྱི་རྨང་གཞི། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་བཅས་དེ་བས་འཚམ་པོ་ཡོང་བར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངར་ཤུགས་ཆེན་པོས་དཔལ་འབྱོར་ལ་དམ་འཛིན་བྱས་ཏེ། དཔལ་འབྱོར་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་སྲ་བརྟན་དང་ཤུགས་ཆེར་གཏོང་བ། དཔལ་འབྱོར་འཁོར་རྒྱུག་བྱེད་རིང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མང་དུ་སོང་བ། འགུལ་ནུས་རྒྱུན་མཐུད་ཆེ་རུ་འགྲོ་བ། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་སུ་འགྲོ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐུབ་པ་བཅས་བྱུང་ནས། འཕར་ཚད་ཅུང་མགྱོགས་པ་དང་། གྲུབ་ཆ་ལེགས་པ། སྤུས་ཚད་དང་ཕན་འབྲས་ལེགས་སུ་འགྲོ་བ་བཅས་ཀྱི་ཁྱད་ཆོས་མངོན་ནས་དཔལ་འབྱོར་གྱི་འགོ་ཡག་པོ་འཛུགས་ཐུབ་ཡོད།

ཚོགས་འདུའི་ཐོག་བསྟན་དོན། དཔལ་འབྱོར་རྒྱུན་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྔར་བཞིན་འགྲན་སློང་མང་པོ་འཕྲད་ཡོད་པ་སྟེ། གཙོ་བོ་ནི་ནུས་ལྡན་གྱི་དགོས་མཁོ་སྔར་བཞིན་མི་འདང་བ་དང་། ཁེ་ལས་གཉེར་སྐྱོང་གི་གནོན་ཤུགས་ཆེ་ཙམ་ཡོད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་མང་བ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་བདེ་བླག་མེད་པ། ཕྱི་རོལ་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན། ངེས་གཏན་མེད་པའི་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བཞིན་ཡོད་པ་བཅས་རེད། དེ་དང་དུས་མཚུངས་ངེས་པར་དུ་མཐོང་དགོས་པ་ཞིག་ནི། རང་རྒྱལ་གྱི་དཔལ་འབྱོར་གྱི་རྨང་གཞི་བརྟན་པ་དང་། དགེ་མཚན་མང་བ། མཉེན་ཤུགས་ཆེ་བ། གཏིང་ཤུགས་ཆེ་བ་བཅས་ཡོད་པ་དང་། འགོ་ཡག་པོ་འཛུགས་ཐུབ་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་ནི་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཀྱི་གཞི་རྩའི་ཁྱད་ཆོས་དང་འཕེལ་ཕྱོགས་ཡིན་པས། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་གདེང་ཚོད་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཚན་རྩལ་སྟོབས་ཤུགས་ཀྱི་བཀོད་ཇུས་ལ་ཤུགས་སྣོན་རྒྱག་པ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ། འབྱུང་འགྱུར་ཐོན་ལས་ལ་སྔོན་ནས་བཀོད་ཇུས་དང་འཛུགས་སྐྲུན་བཅས་བྱས་ནས། སྔོན་ཐོན་གྱི་ལག་རྩལ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པ། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། བར་རྒྱུད་ཀྱི་ཐོན་རྫས་ཚོང་དོན་དང་། ཞབས་ཞུའི་ཚོང་དོན། གྲངས་འཛིན་ཚོང་དོན། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་བཅས་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་དམངས་གཉེར་ཁེ་ལས་ལ་ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་སྐྱེད་གཏོང་རོགས་བྱས་ཏེ་ཕྱི་རྒྱལ་གྱི་མ་དངུལ་འགུག་པ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་བསྟན་དོན། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་ནན་ཏན་བྱེད་པ་དང་རྡོ་སོལ་གཙང་མ་དང་ནུས་ཆེ་བེད་སྤྱོད་དང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་བསྡུ་ལེན་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། “ཐཱན་ཚད་མཐོ་ཤོས་སུ་སླེབས་པའི་བྱ་སྤྱོད་ཆེན་པོ་བཅུ”རྒྱུན་མཐུད་དང་ནུས་ལྡན་སྤེལ་ནས་བེད་མེད་དངོས་ཟོག་དང་ཟོག་རོ་འཁོར་རྒྱུག་བེད་སྤྱོད་ཀྱི་མ་ལག་གང་མགྱོགས་འཛུགས་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ་དང་། ལས་ཞུགས་སྔོན་ལ་འཇོག་པའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཡོང་འབབ་འབྲིང་དམའི་ཚོགས་སྤྱིའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་འགན་སྲུང་དྲ་བ་ཚགས་ཚུད་དུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་བརྗེས་དང་། སྒྱུར་བཀོད། རིམ་སྤོར་བཅས་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ཚོགས་འདུའི་ཐོག་བསྟན་དོན། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཇུས་འགོད་གལ་ཆེན་ཞིག་རེད། ཏང་ཀྲུང་དབྱང་གི་འཐབ་ཇུས་དང་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ལ་སྔར་བས་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་ནས་སྔོན་ལ་ལམ་བུ་འཚོལ་ཞིབ་དང་། དཔེ་སྟོན་སྣེ་ཁྲིད། ཁྱབ་འགྱེད་སྣེ་ཁྲིད་བཅས་ཀྱི་ནུས་པ་སྔར་བས་ལེགས་པ་འདོན་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཐོག་མཐའ་བར་གསུམ་དུ་གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་འགག་རྩ་གཉིས་དམ་པོར་བཟུང་ནས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འགག་རྩའི་ལྟེ་བའི་ལག་རྩལ་ལས་མགྱོགས་མྱུར་ཚད་བརྒལ་ཐུབ་པར་བྱས་ནས་སྲོལ་རྒྱུན་ཐོན་ལས་རིམ་སྤོར་དང་། གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། ཁྱབ་ཁོངས་དེ་བས་ཆེ་བའི་ནང་གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མཁོ་སྤྲོད་འཁོར་འབྲེལ་བཅས་མཉམ་དུ་འཛུགས་དགོས། སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས་སྲིད་འཛིན་བཀག་རྒྱ་མེད་པར་བཟོ་བ་དང་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞི་གཅིག་ཅན་དེ་བས་གཏིང་ཟབ་པ་དང་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་སྔོན་ལ་སྦྲེལ་མཐུད་བྱས་ཏེ་རིམ་པ་མཐོ་བའི་མཐུན་སྦྱོར་སྒོ་དབྱེར་སྐུལ་འདེད་ཧུར་ཐག་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་ལེགས་ཆ་གསར་པ་གཏོད་དགོས། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ཡག་པོ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་མཉམ་སྲུང་མཉམ་བཅོས་དང་ས་ཁོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཧྲང་ཧའེ་གྲོང་ཁྱེར་གྱིས་སྣེ་ཁྲིད་ནུས་པ་སྔར་བས་འདོན་པ། ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་གྱིས་རང་ངོས་ཀྱི་ལེགས་ཆ་དར་སྤེལ་གཏོང་བ་བཅས་བྱས་ཏེ། ལས་ཀའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས།

(བསོད་བདེ་གཞོན་པ་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)