《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月01日

ལྷུན་གྲུབ་རྫོང་གིས།

སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབས་པ།

ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་བྱ་སྤྱོད་སྤེལ་ཚུན། ལྷུན་གྲུབ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་གྲལ་བཤེར་བཅོས་སྒྲིག་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ལྷུན་གྲུབ་རྫོང་སློབ་གསོ་ཅུས་ཀྱིས“འགན་ལེན་བཞི”དམ་འཛིན་བྱ་གཞིར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བྱ་ཐབས་སྣ་ཚོགས་མཉམ་སྤྱོད་བྱས་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། རྫོང་ཡོངས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་སྐུལ་འདེད་ལས་དོན་ལ་རམ་འདེགས་ཧུར་ཐག་བྱས་པ་རེད། མིག་སྔའི་བར། ལྷུན་གྲུབ་རྫོང་གི་སློབ་གསོའི་ཁོངས་གཏོགས་སུ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་འཛོལ་གཅིག་ཀྱང་ཐོན་མེད་པ་རེད།

སློབ་གྲྭའི་ཟ་ཁང་གི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སློབ་གྲྭའི་ཁོར་ཡུག་བཟང་པོ་དང་ཞི་མཐུན་ཡོང་བར་བྱ་ཆེད། ལྷུན་གྲུབ་རྫོང་སློབ་གསོ་ཅུས་ཀྱིས་སྔ་རྗེས་སུ་ཚོགས་འདུ་ཐེངས་5འཚོགས་ནས་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་དང་སློབ་གྲྭའི་བཟའ་བཅའི་བདེ་འཇགས་གྲལ་བཤེར་བཅོས་སྒྲིག་ལས་དོན་ལ་ཆེད་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་ཁོངས་གཏོགས་དེ་གའི་ཆེད་དོན་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་ནས་བཀྲམ་སྟེ་ཚད་ལྡན་ཅན་འཛུགས་སྐྱོང་ལ་དམ་པོར་དམིགས་པ་དང་མ་དངུལ་སྒོར་ཁྲི་300ལྷག་ཙམ་བརྩོན་ལེན་བྱས་ནས་ཤང་དང་གྲོང་རྡལ་གྱི་ལྟེ་བའི་བུ་བཅོལ་ཁང་9ཡི“ལོགས་དབྱེའི་ཟ་ཁང་འཛུགས་པ”སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་སྤྱིའི་འཆར་འགོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་གྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད། སློབ་གྲྭའི་ལག་བསྟར་རིམ་པའི་ཐད་སློབ་སྤྱི་དང་ཡོན་ཀྲང་གི་བཟའ་བཅའི་བདེ་འཇགས་འགན་འཁུར་བ་དང་པོའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་བཟའ་བཅའི་བདེ་འཇགས་ལས་དོན་མི་སྣ་བཀོད་སྒྲིག་གང་ལེགས་བྱེད་པ་དང་། “རྫོང་ཡོངས་ཀྱི་སློབ་གྲྭའི་འབྲིང་རིམ་ལས་བྱེད་པས་འགན་འཁྲི་ཏན་ཏིག་འཁུར་བ་དང་ལས་བགོས་གསལ་བཟོའི”བྱ་སྤྱོད་དང་ཟུང་འབྲེལ་བྱེད་པ། སློབ་གྲྭ་ཁག་སྒྲིག་འཛུགས་བྱས་ནས་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁག་བགོས་ཞིབ་ཚགས་བྱེད་པ། ཉོ་སྒྲུབ་དང་། ཞིབ་བཤེར་རྩིས་ལེན། གསོག་ཉར། གཙང་སེལ། ལས་སྣོན་སོགས་ལྷུ་ཚིགས་ཁག་གི་འགན་འཁུར་བ་ཁ་གསལ་བཟོས་ཏེ་བརྒྱུད་རིམ་ཧྲིལ་པོར་དོ་དམ་ཏན་ཏིག་བྱས་ཡོད། ཟ་ཁང་གི་དོ་དམ་ཐད་ཟ་ཁང་དོ་དམ་མི་སྣས་གོང་རིམ་གྱི་འབྲེལ་ཡོད་བཀོད་སྒྲིག་དང་སྒྲིག་སྲོལ་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བཟའ་བཅའི་འཕྲོད་བསྟེན་བདེ་འཇགས་གྲལ་བཤེར་བཅོས་སྒྲིག་དང་། ཟ་ཁང་གི་འཕྲོད་བསྟེན་བདེ་འཇགས་གྲལ་བཤེར་བཅོས་སྒྲིག མི་སྣའི་འཕྲོད་བསྟེན་བདེ་འཇགས་གྲལ་བཤེར་བཅོས་སྒྲིག་སོགས་འཐབ་ས་དང་པོའི་དོ་དམ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

ལྷུན་གྲུབ་རྫོང་གི་སློབ་གྲྭ་ཁག་གིས་ཟ་ཁང་གི་ལས་དོན་མི་སྣའི་བདེ་ཐང་འཕྲོད་བསྟེན་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཉིན་རེའི་ཞོགས་པའི་ཞིབ་བཤེར་ལམ་ལུགས་དང་ལས་བཟོའི་བདེ་ཐང་ཞིབ་བཤེར་ཡིག་ཚགས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། ཁོངས་གཏོགས་ཡོངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣ་149ལོ་འཁོར་གྱི་གཟུགས་པོར་བརྟག་དཔྱད་ཡག་པོ་བྱས་ནས་སློབ་གྲྭའི་ཟ་ཁང་དང་དེ་བཞིན་འབྲེལ་ཡོད་ས་ཆའི་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། ཉེ་བའི་ལོ་ཤས་རིང་། མ་དངུལ་མུ་མཐུད་དོན་འཁྱོལ་བྱས་ནས་དགོས་ངེས་ཀྱི་ཉར་ཚགས་དང་ལས་སྣོན་སྒྲིག་ཆས་ཉོ་སྒྲུབ་སོགས་ལས་དོན་ཡག་པོ་བསྒྲུབས་ནས་བཟའ་བཅའི་རྒྱུ་ཆར་སྦགས་བཙོག་མི་ཕོག་གཏན་འགོག་བྱས་པ་རེད། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་42ཀྱི་ཟ་ཁང་དུ“དྲ་སྦྲེལ་དང་ཀུན་གསལ་ཐབ་ཚང”ཟུང་དུ་འབྲེལ་བའི་བདེ་འཇགས་འགོག་སྲུང་མ་ལག་ཁྱོན་ཡོངས་ནས་བསྐྲུན་ཞིང་། སློབ་གྲྭས་བཟའ་བཅའི་བདེ་འཇགས་བརྒྱུད་རིམ་ལ་དོ་དམ་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བཟའ་བཅའི་བདེ་འཇགས་ཁུངས་འདེད་མ་ལག་བཙུགས་ནས་ཉོ་སྒྲུབ་དང་། སྡེབ་སྐྱེལ། ཞིབ་བཤེར་རྩིས་ལེན། གསོག་ཉར་སོགས་འགག་རྩའི་ལས་དོན་ལ་གཙོ་གནད་ཐོག་ཞིབ་བཤེར་ཡག་པོ་བྱས་ཏེ་བཟའ་བཅའི་ཡོང་ཁུངས་ལ་ཞིབ་བཤེར་དང་ཁུངས་འདེད་ཐུབ་པའི་འགན་ལེན་བྱས་ཏེ་འབྱུང་རྩ་ནས་བཟའ་བཅའི་རྒྱུ་ཆའི་བདེ་འཇགས་འགན་ལེན་བྱས་པ་རེད།

ཟ་ཁང་གི་ལས་ཞུགས་མི་སྣའི་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་བཀོལ་སྤྱོད་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་བཏང་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད། ལྷུན་གྲུབ་རྫོང་སློབ་གསོ་ཅུས་ཀྱིས་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣ་དང་ཟ་ཁང་གི་ལས་ཞུགས་མི་སྣའི་རྒྱུན་རྣམ་ཅན་གྱི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། ལོ་གཅིག་རིང་། ལྷུན་གྲུབ་རྫོང་སློབ་གསོ་ཅུས་ཀྱིས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་བཟའ་བཅའི་བདེ་འཇགས་ཆེད་དོན་གསོ་སྦྱོང་ཐེངས་2བྱས་ནས་རྫོང་རིམ་པའི་གསོ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པ་བྱས་པ་རེད། དེ་དང་ཆབས་ཅིག སློབ་གྲྭ་སྒྲིག་འཛུགས་བྱས་ནས་ལས་མིར་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་བྱས་ཏེ། ལས་བཟོའི་བསམ་བློ་འདུ་ཤེས་དང་ལག་རྩལ་རིམ་པ་ནས་འགོ་བཙུགས་ཏེ་ལས་རིགས་ཀུན་སྤྱོད་ཀྱི་སློབ་གསོ་དང་ཆེད་ལས་རྩལ་ནུས་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་འགན་ལེན་བྱས་ཏེ་སློབ་གྲྭ་རིམ་པའི་གསོ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པ་བྱས་པ་རེད། གཞན་ཡང་། བཟའ་བཅའི་བདེ་འཇགས་ཀྱི་དཔྱད་ཞིབ་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། 《ལྷུན་གྲུབ་རྫོང་གི་སློབ་གྲྭའི་ཟ་ཁང་གི་དཔྱད་ཞིབ་ཞིབ་སྲོལ》བཀྲམ་ནས་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་དམིགས་ཚད་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཟ་ཁང་གི་ལས་དོན་མི་སྣས་དགེ་སློབ་ལ་ཞབས་འདེགས་ཡག་པོ་ཞུ་བར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)