འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བླངས་པ་20སྒྲིག་འཛུགས་བྱས་ནས་2024ལོའི་ལྷ་ས་གྲོང་ཁྱེར་གྱི་ཤེས་དཔལ་འགྲིམ་འགྲུལ་ཁྲིད་སྟོན་དང་བླངས་ཞབས་ཞུའི་གསོ་སྦྱོང་ལ་ཞུགས་པ་རེད།
གསོ་སྦྱོང་བྱེད་རིང་། ལྷ་ས་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་དང་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ལས་དོན་པས་གསོ་སྦྱོང་ལ་ཞུགས་མཁན་ཚོར་ཤེས་དཔལ་འགྲིམ་འགྲུལ་གྱི་ཁྲིད་སྟོན་དང་བླངས་ཞབས་ཞུའི་ཐད་ཀྱི་དོ་སྣང་བྱེད་དགོས་པའི་དོན་ཚན་དང་ཤེས་དཔལ་འགྲིམ་འགྲུལ་བདེ་འཇགས་ཀྱི་རྒྱུན་ཤེས་འཆད་ཁྲིད་བྱས་པ་རེད། བུད་མེད་དང་བླངས་པ་ཚོས་སློབ་ཁྲིད་ལ་ནན་ཏན་གྱིས་ཉན་པ་དང་སློབ་སྦྱོང་ཧུར་ཐག་བྱས་ཏེ་སླད་ཕྱིན་ཤེས་དཔལ་འགྲིམ་འགྲུལ་གྱི་ཁྲིད་སྟོན་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་ཆེད་རྨང་གཞི་ཡག་པོ་བཏིང་བ་རེད།
གསོ་སྦྱོང་བྱས་པ་བརྒྱུད། བུད་མེད་དང་བླངས་པ་ཚོས་ཤེས་དཔལ་འགྲིམ་འགྲུལ་གྱི་འབྲེལ་ཡོད་རྒྱུན་ཤེས་དང་དང་བླངས་ཞབས་ཞུའི་ཐད་ཀྱི་དོ་སྣང་བྱེད་དགོས་པའི་དོན་ཚན་ཤེས་རྟོགས་ཐུབ་པ་མ་ཟད། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པས། བསམ་པའི་ཉམས་འགྱུར་དེ་བས་བཟང་པོའི་ཐོག་ནས་ཤེས་དཔལ་འགྲིམ་འགྲུལ་གྱི་ཁྲིད་སྟོན་དང་བླངས་ཞབས་ཞུར་ཞུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ཆེན་པོར་སྐུལ་འདེད་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པར་སྐུལ་འདེད་གཏོང་ཆེད་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་རྨང་གཞི་ཡག་པོ་བཏིང་བ་རེད། (ཚེ་བརྟན་སྒྲོལ་དཀར་གྱིས་སྒྱུར་ཞུས་བྱས)