སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་གཅེས་རིང་ལུགས་ནི་རང་རེའི་མི་རིགས་སྙིང་སྟོབས་ཀྱི་སྲོག་ཤིང་དང་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་འབད་འཐབ་དང་ཡར་ཐོན་ལྷུར་ལེན་གྱི་བསམ་པའི་སྦྲེལ་ཐག་ལྟ་བུ་ཡིན། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཀྱི་སེམས་པ་དང་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་བསམ་པའི་རྒྱུ་ནོར་ཞིག་ཀྱང་ཡིན། ལོ་ངོ་ལྔ་སྟོང་ལྷག་ཙམ་རིང་། ཀྲུང་ཧྭ་མི་རིགས་ཀྱིས་བསམ་ཡུལ་ལས་འདས་པའི་ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ཁྱད་དུ་བསད་དེ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་མཐའ་འཁྱོངས་བྱེད་པ་དང་། འཚོ་རྒྱུན་མི་ཆད་པ། གཅིག་རྒྱུན་གཅིག་འཛིན་བཅས་ཐུབ་པ་དེ། ཀྲུང་ཧྭ་མི་རིགས་ཀྱི་གཏིང་ཟབ་ལ་ཡུན་རིང་བའི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།
དེང་རབས་ཀྲུང་གོར་རྒྱལ་གཅེས་རིང་ལུགས་ཀྱི་ངོ་བོ་ནི་རྒྱལ་ཁབ་ལ་དགའ་ཞེན་དང་། ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། ཀྲུང་གོ་བ་ཚང་མའི་ངོས་ནས་བརྗོད་ན། རྒྱལ་ཁབ་ལ་དགའ་ཞེན་བྱེད་པ་ནི་རང་སྐལ་ཞིག་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན་པ་དང་། དེ་ནི་སེམས་ཀྱི་བརྟེན་ས་དང་བསམ་པའི་ཁྱིམ་གཞིས་ཡིན། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར། ང་ཚོས་ཏང་དར་འོག་སྔར་བས་མཐུན་སྒྲིལ་དམ་ཟབ་དང་གོང་བུ་གཅིག་ཏུ་བསྒྲིལ་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་མི་ཚེའི་ངེས་སྦྱོང་སློབ་ཚན་དེ་ཡག་པོ་འཚོགས་ནས། སྤྱི་ཚོགས་ཡོངས་སུ་རྒྱལ་གཅེས་ཀྱི་བརྩེ་སེམས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་རང་རེའི་ཀྲུང་ཧྭ་ལ་དགའ་བའི་ས་བོན་མི་ཚང་མའི་སེམས་ནང་རྩ་བ་ཚུགས་པ་དང་མྱུ་གུ་འབུས་ཐུབ་པ་བྱེད་པ་དང་། རང་ཉིད་ཀྱི་ཕུགས་བསམ་དེ་མེས་རྒྱལ་གྱི་མདུན་ལམ་དང་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་གསོ་སྐྱོང་དང་། རྒྱལ་སྟོབས་ཀྱི་བློ་སྟོབས་ཆེར་གཏོང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་ལག་ལེན་བསྟར་བ་བཅས་བྱས་ནས་རྒྱལ་གཅེས་རིང་ལུགས་རང་ཉིད་ཀྱི་དད་སེམས་བརྟན་པོ་དང་། བསམ་བློའི་སྟོབས་ཤུགས། རང་རྟོགས་ཀྱི་བྱ་སྤྱོད་བཅས་ལ་འགྱུར་བར་བྱས་ཏེ། རྒྱལ་ཁབ་དང་མི་དམངས་ཆེད་ལེགས་སྐྱེས་འབུལ་རིང་མི་ཚེའི་བཀྲག་མདངས་འཚེར་ཐུབ་པར་བྱེད་དགོས།
གོར་ཥའི་བཙན་གནོད་ལ་འགོག་རྒོལ་དང་། རྒྱལ་རྩེའི་དབྱིན་འགོག “རྒྱལ་དར་ཨ་མ་རྒན་མོ”ཚེ་རིང་ཆོས་སྒྲོན། “དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས། བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཀྱི་ཐོག་ཁང་། སྤོ་བོ་ཁྲབ་རྨོག་ལྟེ་གནས་རྫོང་ཨུད་ཀྱི་ཐོག་ཁང་དམར་པོ་བཅས་ཀྱི་ལོ་རྒྱུས་ཀྱི་གཏམ་རྒྱུད་དུམ་བུ་རེ་རེ་དང་། སྔོན་ཐོན་མི་སྣ་རེ་རེ། གསར་བརྗེའི་རྗེས་ཤུལ་རེ་རེ་བཅས་ལས་ལོ་རྒྱུས་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཕྱི་ཕྱོགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པ་དང་མེས་རྒྱལ་གྱི་བདག་དབང་སྲུང་སྐྱོང་བྱེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་མངོན་ཡོད། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་ལ་བརྟན་པོར་ངེས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་པ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རྒྱལ་གཅེས་རིང་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོར་བཙུགས་ཏེ་མེས་རྒྱལ་རླབས་པོ་ཆེ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་ཚད་མཐོའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་གངས་ལྗོངས་ས་མཐོར་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་ཐུབ་པར་བྱེད་དགོས།
(བསྟན་བཟང་གིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)