《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月30日

ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2024ལོའི་ཚོགས་འདུ་ཐེངས་བཞི་པ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འཚོགས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དེ་བཞིན་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་བཀོད་སྒྲིག་གི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།

ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐད་གཅིག་གྱུར་ཏན་ཏིག་བྱེད་པ་དང་། སློབ་སྦྱོང་སྒྲིག་འཛུགས་གཏིང་ཟབ་བྱེད་པ། དམིགས་ཚད་ཀྱི་བླང་བྱ་ཁོང་དུ་ཆུད་པ། སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ཐུབ་པ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཤེས་སྤྱོད་གཅིག་གྱུར་དང་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་བྱེད་ཐུབ་པ་དགོས། ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་དེ་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དང་སྒྲིག་ཁྲིམས་སློབ་གསོའི་གྲུབ་འབྲས་དེ་ལྗོངས་ཡོངས་ཀྱི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཞབས་འདེགས་ཞུ་བའི་ལས་ཀའི་ཕན་འབྲས་དངོས་ལ་འགྱུར་བར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་ཆེད་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་ནུས་པ་ཆེན་པོ་འདོན་སྤེལ་བྱེད་དགོས།