《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月30日

རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་28ཉིན། བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་སྐབས་དྲུག་པ་འོས་སྦྱོར་དཔྱད་འདེམས་དང་གཟེངས་བསྟོད་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་200ལ་གཟེངས་བསྟོད་བྱ་རྒྱུ་ཡིན་པ་རེད། གཟེངས་བསྟོད་བྱ་ཡུལ་ཁོངས་སུ་འཐབ་ས་དང་པོའི་ལས་བཟོ་དང་ཞིང་འབྲོག་པ་141ཡོད་པ་དེས་70.5%བཟུང་བ་དང་། ཆེད་ལས་ལག་རྩལ་མི་སྣ་34ཡོད་པ་དེས་17%བཟུང་ཡོད། ཀྲུང་གུང་ཏང་ཡོན་166ཡོད་པ་དེས་83%བཟུང་བ་དང་། སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་མཁན་83ཡོད་པ་དེས་41.5%བཟུང་བ་དེ་སྐབས་གོང་མ་ལས་བརྒྱ་ཆའི་གྲངས་2.7དང་བརྒྱ་ཆའི་གྲངས་2.1སོ་སོར་མཐོ་རུ་ཕྱིན་ཡོད།

དཔྱད་འདེམས་བྱེད་རིང་། རང་ལྗོངས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འོས་སྦྱོར་བྱ་ཡུལ་ཚང་མར་འབྲེལ་ཡོད་སྡེ་ཚན་དང་ཚན་པའམ་ཡང་ན་ཁོངས་གཏོགས་ཁུལ་གྱི་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད། འབྲེལ་ཡོད་སྡེ་ཚན་དང་ཚན་པའམ་ཡང་ན་ཁོངས་གཏོགས་ཁུལ་ཚང་མར་བསམ་འཆར་མེད་ཅིང་། ཡིད་རྟོན་ཀྲུང་གོ་དང་གནམ་མིག་ལྟ་བཤེར་སོགས་ལས་སྟེགས་བརྒྱུད་ཐོབ་ཐང་མང་པོ་ཡོད་པའི་འོས་སྦྱོར་བྱ་ཡུལ་ལ་གཙོ་གནད་ཐོག་ཞིབ་བཤེར་ནན་པོ་བྱས་པ་དང་ཆ་རྐྱེན་དང་མི་མཐུན་མཁན་གྱི་དཔྱད་བསྡུར་ནང་ཞུགས་པའི་ཐོབ་ཐང་མེད་པར་བཟོས་ཏེ།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) དཔྱད་འདེམས་ལས་དོན་ཐོག་མཐའ་བར་གསུམ་དུ་གཞི་རིམ་གྱི་འཐབ་ས་དང་པོ་དང་ངལ་རྩོལ་པ་དཀྱུས་མར་ཕྱོགས་པ་དང་། ཐོན་སྐྱེད་ཚན་ཞིབ་ཀྱི་འཐབ་ས་དང་པོ་དང་ས་བབ་མཐོ་ཞིང་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་ལས་གནས་སུ་ཡུན་རིང་ལས་ཀ་བྱེད་པ་མ་ཟད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་མི་སྣར་ཕྱོགས་པར་འགན་ལེན་བྱས་ནས། འོས་སྦྱོར་བྱ་ཡུལ་གྱི་མཚོན་བྱེད་རང་བཞིན་དང་། མང་ཚོགས་རང་བཞིན། སྔོན་ཐོན་རང་བཞིན་བཅས་འགན་ལེན་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་དཔྱད་འདེམས་ལས་དོན་དེ་འོག་ནས་གོང་བར་དང་། རིམ་པ་བཞིན་འོས་སྦྱོར། འཁྲོལ་ཡོད་དཔྱད་འདེམས། རིམ་པ་བཞིན་ཡོངས་བསྒྲགས་བཅས་ཀྱི་རྣམ་པར་ནན་པོ་གཞིགས་ནས་འོས་སྦྱོར་བྱ་ཡུལ་200གནས་སའི་ཚན་པ་དང་། ས་གནས(གྲོང་ཁྱེར) ལྗོངས(ཀྲུང་དབྱང)ཐད་གཏོགས་ཀྱི་སྣེ་ཁྲིད་ཚན་པར་ཡོངས་བསྒྲགས་བྱས་པ་ཚང་མར་བསམ་འཆར་བྱུང་མེད། ཟླ་4ཚེས་18ཉིན་ནས་ཟླ་4ཚེས་24ཉིན་བར་འོས་སྦྱོར་བྱ་ཡུལ་བོད་ལྗོངས་ཉིན་རེའི་ཚགས་པར་སོགས་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གཙོ་བོའི་ཐོག་ཡོངས་བསྒྲགས་བྱེད་རིང་བསམ་འཆར་འདོན་མཁན་གཅིག་ཀྱང་བྱུང་མེད།

(རིག་རྡོར་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)