འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“ཁྲལ་དོན་གྱིས་འཕེལ་རྒྱས་ལ་རོགས་རམ་བྱས་ནས་གསར་གཏོད་ཕྱོགས་སུ་སྐྱོད་པའི”བརྗོད་དོན་གཙོ་བོར་དམིགས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པར་བརྟེན་པ། སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་ཤུགས་རྒྱག་པ་བཅས་བྱས་ཏེ། རིག་གནས་ཡུལ་སྐོར་ཁེ་ལས་ལ་ས་ཡུལ་དངོས་སུ་མཚམས་འདྲི་དང་ཁམ་བུའི་མེ་ཏོག་ཁྲོད་དུ་ཁྲལ་དོན་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོ་ནི་ཁམ་བུའི་མེ་ཏོག་ལ་བརྟེན་ནས་སྐད་གྲགས་ཆོད་ཅིང་། “ཁམ་བུའི་མེ་ཏོག་དཔལ་འབྱོར”ལ་བརྟེན་ནས་ཡུལ་མིའི་ཡོང་འབབ་ཇེ་མང་དུ་འགྲོ་བཞིན་ཡོད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི“ཏང་ཡོན་གདོང་ལེན་རུ་ཁག”རང་འགུལ་ངང་དེ་གར་བསྐྱོད་དེ་ཀ་ལ་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར་ཞབས་ཞུའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་དཔྱ་ཁྲལ་གཟིགས་སྐྱོང་སྲིད་ཇུས་ཁག་དྲིལ་བསྒྲགས་བྱས་ཤིང་། བཞུགས་མོལ་བརྒྱུད་མཉམ་ལས་ཁང་གི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཚུལ་དང་། དེ་བཞིན་འཕྲད་པའི་དཀའ་ངལ་ཤེས་རྟོགས་བྱས་པ་དང་འབྲེལ་བློ་འདྲིའི་ཞབས་འདེགས་ཞུས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ་རེད། “མཉམ་ལས་ཁང་ལ་ད་ལྟའི་གཞི་ཁྱོན་དེ་འདྲ་ཡོད་པ་ནི་རྒྱལ་ཁབ་ཀྱི་ཁྲལ་དོན་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁྲལ་དོན་ལས་མིའི་སེམས་རྩ་འཁོལ་བའི་ཞབས་ཞུ་དང་ཁ་འབྲལ་ཐབས་མེད། དེ་རིང་སྲིད་ཇུས་ཀྱི་འགྲེལ་བཤད་ཉན་རྗེས་ང་ལ་ཕན་ཐོགས་ཆེན་པོ་བྱུང”ཞེས་མཉམ་ལས་ཁང་གི་ཁོངས་མི་པ་སངས་སྒྲོལ་མས་བརྗོད།