འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས“བདེ་སྐྱིད་ལྡན་པའི་ལྷ་ས། སྤྲོ་སྣང་ཆེ་བའི་འཚོ་བ”ཞེས་པའི་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་རྙིང་ཚབ་གསར་བརྗེས་ཀྱི་ཆེད་དོན་འཛད་སྤྱོད་ཁ་གསབ་བྱེད་སྒོ་སྤེལ་ནས་སྔོན་ཐོན་གྱི་ཐོན་ནུས་བསྡུར་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བ་དང་། སྤུས་ཀ་ལེགས་ཤིང་སྤྱོད་ཤན་ཆེ་བའི་འཛད་སྤྱོད་དངོས་རྫས་དེ་བས་མང་བ་གྲོང་མིའི་འཚོ་བའི་ནང་ཁྱབ་རྒྱུར་སྐུལ་འདེད་བཏང་བ། ཐོན་ཁུངས་སྙིགས་རོ་འཁོར་རྒྱུག་བེད་སྤྱོད་ཐུབ་པ། གྲོན་ཆུང་ཐཱན་ཉུང་གི་ལྗང་མདོག་འཕེལ་རྒྱས་ལ་དུས་གཅིག་ཏུ་སྐུལ་འདེད་མགྱོགས་མྱུར་བཏང་ཡོད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
འཛད་སྤྱོད་པས་རྙིང་ཚབ་གསར་བརྗེས་བྱས་རྗེས། བྱེད་སྒོའི་མཉམ་ལས་གཉེར་སྐྱོང་ལས་སྟེགས་བརྒྱུད་འབྲེལ་ཡོད་དཔང་ཡིག་བསྐྱལ་ནས་ཞིབ་བཤེར་གཏན་འབེབས་བྱུང་མ་ཐག མ་ལག་གིས་བབ་མཐུན་དངུལ་གྲངས་ཀྱི་གློག་རྡུལ་འཛིན་ཤོག་ཁ་གསབ་འཛད་སྤྱོད་པའི་སྐད་འཕྲིན་གཱ་ཁུག་ལ་བསྐུར་གྱི་ཡོད། གློག་རྡུལ་འཛིན་ཤོག་དེ་བྱེད་སྒོའི་ནང་ཞུགས་མཁན་ཚོང་དུད་གང་རུང་ལ་སྤྱོད་ཆོག་གི་ཡོད།
ལྷ་ས་གྲོང་ཁྱེར་གྱི་ད་ཐེངས་འཛད་རྫས་རྙིང་ཚབ་གསར་བརྗེས་བྱེད་སྒོ་དེ་ཆེད་དོན་ཚོགས་ར་གཉིས་ལ་ཕྱེ་བ་སྟེ། གཅིག་ནི་རླངས་འཁོར་རྙིང་ཚབ་གསར་བརྗེས་ཆེད་དོན་བྱེད་སྒོ་དང་། གཅིག་ཤོས་ནི་ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེས་ཆེད་དོན་བྱེད་སྒོ་རེད། རླངས་འཁོར་གྱི་ཆེད་སྤྱོད་རྙིང་ཚབ་གསར་བརྗེས་ཀྱི་ཚད་གཞི་ནི་རླངས་འཁོར་རྙིང་པ་རེ་བཙོངས་ན་ཁ་གསབ་སྒོར་1000སྤྲོད་པ་དང་། རླངས་འཁོར་རྙིང་པ་རེ་བེད་མེད་དུ་བཏང་ན་ཁ་གསབ་སྒོར་1500སྤྲོད་ཀྱི་ཡོད། གྲོང་མིས་རླངས་འཁོར་གསར་པ་ཉོས་པའི་ཁ་གསབ་ཚད་གཞི་དེ་ལྷ་སའི་དུས་འགོའི་ཁ་གསབ་བྱེད་སྒོ་དང་གཅིག་མཚུངས་ཡིན་ཞིང་། ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་ཀྱི་ཆེད་དོན་ཚོགས་རའི་རྙིང་ཚབ་གསར་བརྗེས་ཚད་གཞི་ནི་སྒོར་100རེར་ཁ་གསབ་སྒོར་10དང་། སྒོར་500ཡན་ལ་ཁ་གསབ་སྒོར་50ཡི་ཚད་གཞི་ལྟར་རྙིང་ཚབ་གསར་བརྗེས་ཀྱི་ཁ་གསབ་སྤྲོད་པ་དང་མཐོ་ཤོས་སྒོར་50ལས་མི་བརྒལ་བ། གསར་དུ་ཉོས་པའི་ཁ་གསབ་སྤྲོད་སྟངས་རིགས་གསུམ་ཡོད་པ་སྟེ། སྒོར་1000ཟིན་ན་ཁ་གསབ་སྒོར་200དང་། སྒོར་3000ཟིན་ན་ཁ་གསབ་སྒོར་600 སྒོར་5000ཟིན་ན་ཁ་གསབ་སྒོར་1000སྤྲོད་ཀྱི་ཡོད།
(ལྷ་དབང་གིས་བསྒྱུར། ལྷ་དབང་དང་ཚེ་ལྷས་ཞུས)