དཔྱིད་རླུང་བསིལ་བུ་བྱང་རྩྭ་ཐང་དུ་ལྡང་བ་དང་སྦྲགས་ལྷག་པ་ཚེ་རིང་གི་སེམས་ལ་བྲལ་མི་འདོད་པའི་སྐྱོ་སྣང་ཞིག་ངང་གིས་སྐྱེས།
ལྷག་པ་ཚེ་རིང་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་གཡུ་རྒྱལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཧྲུའུ་ཅི་ཨང་དང་པོ་ཡིན་པ་དང་གཡུ་རྒྱལ་གྲོང་ཚོར་སླེབས་ནས་ལོ་གཅིག་འགྲོ་གི་ཡོད། དུས་ཡུན་རིང་པོ་དེ་ཙམ་སོང་མེད་ཀྱང་བྱ་བ་མི་ཉུང་བ་ཞིག་བསྒྲུབས་ཡོད་པས་མང་ཚོགས་དང་འབྲེལ་བ་ཧ་ཅང་ཡག་པོ་ཡོད།
“གཡུ་རྒྱལ་གྲོང་ཚོ་ནི་ཉི་མ་རྫོང་གི་བྱང་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་སྨི་4700ཡོད་ཅིང་། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་ཞན་པ་དང་འབྲོག་པའི་ཡོང་འབབ་ཡོང་ཁུངས་ཀྱང་རྐྱང་པ་རེད”ཅེས་ལྷག་པ་ཚེ་རིང་གིས་ངོ་སྤྲོད་བྱས། གྲོང་སྡོད་བྱེད་རིང་གྲོང་སྡོད་ལས་དོན་རུ་ཁག་གིས་དབུལ་སྒྲོལ་མི་སྣ་ཕྱིར་གླ་པ་རྒྱུག་པར་སྒྲིག་འཛུགས་བྱེད་པ་དེ་ཡོང་འབབ་འཕར་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་པ་དང་སྐལ་བཟང་དགྲ་འདུལ་ནི་དེའི་ཁྲོད་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད།
ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ནགས་བཟོའི་ལས་གྲྭར་ཞུགས་པ་བརྒྱུད་སྐལ་བཟང་དགྲ་འདུལ་ལ་ཡོང་འབབ་བྱུང་ནས་ཇ་ཁང་ཞིག་བཙུགས་པ་མ་ཟད་ཁོང་ཇ་ཁང་གི་སྦྱིན་བདག་ཏུ་གྱུར། “ང་ལྷ་སར་འགྲོ་བའི་འགྲོ་གྲོན་ཧྲུའུ་ཅི་ལྷག་པ་ཚེ་རིང་གིས་ཐག་གཅོད་བྱེད་རོགས་བྱས་བྱུང”ཞེས་ཁོང་གིས་བཤད།
2023ལོར་གཡུ་རྒྱལ་གྲོང་ཚོས་ཕྱིར་གླ་པ་རྒྱུག་མཁན་མི་ཐེངས་200ལྷག་ཙམ་སྒྲིག་འཛུགས་བྱས་པར་ཡོང་འབབ་སྒོར་ཁྲི་37ལྷག་ཙམ་རག་ཡོད། གཡུ་རྒྱལ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་མི་སྣ་རིན་འཛིན་སྒྲོལ་མས་ཐོག་མཐའ་བར་གསུམ་དུ་ལྷག་པ་ཚེ་རིང་དང་མཉམ་དུ་མང་ཚོགས་ཁྱིམ་གྱི་སྒོ་རྩར་དྲིལ་བསྒྲགས་བྱེད་པ་དང་ཕྱིར་གླ་པ་རྒྱུག་མཁན་ལ་འགྲིམ་འགྲུལ་བཀོད་སྒྲིག་བཅས་བྱེད་ཀྱི་ཡོད།
“ཧྲུའུ་ཅི་ལྷག་པ་ཚེ་རིང་གིས་དབུལ་སྒྲོལ་དུད་ཚང་ཕྱིར་གླ་པ་རྒྱུག་པར་སྒྲིག་འཛུགས་བྱས་པ་ལས་ཁོང་ཚོ་ལས་ཞུགས་ཐུབ་ནས་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ད་དུང་མཐོང་རྒྱ་ཆེ་རུ་དང་རྩལ་ནུས་ཀྱང་སྦྱོང་ཐུབ་པས། རང་ཉིད་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་གཏོད་པའི་ཡིད་ཆེས་དང་གདེང་ཚོད་ཆེ་རུ་ཕྱིན་ཡོད”ཅེས་རིན་འཛིན་སྒྲོལ་མས་བཤད།
གཡུ་རྒྱལ་གྲོང་ཚོར་རྒྱལ་ཁབ་ཀྱི་གློག་དྲ་སྦྲེལ་མཐུད་ཐུབ་མེད་པས་མང་ཚོགས་ཚོས་ཁྱིམ་དུ་ཉི་ནུས་སྒྲིག་ཆས་སྤྱོད་ཀྱི་ཡོད། གྲོང་སྡོད་བྱེད་འགོ་ཚུགས་མ་ཐག་ལྷག་པ་ཚེ་རིང་གིས་གྲོང་ཚོའི་དུད་ཚང་35ལ་ཉི་ནུས་སྒྲིག་ཆས་མེད་པས་གློག་མེད་པ་ཚོར་ཅིང་། རྒད་པོ་བཅོ་ཆུང་གི་ཁྱིམ་ཡང་དེའི་ནང་གི་གྲས་ཤིག་རེད།
“ང་ཚོས་འཕྲལ་མར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ལ་སྙན་སེང་ཞུས་པ་དང་། ལས་ཁུངས་ཀྱི་རྒྱབ་སྐྱོར་ཐོབ་རྗེས་ཚང་མས་ལས་དོན་ཧུར་ཐག་བསྒྲུབས་ནས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་ནུས་རྒྱུ་ཅུས་དང་འབྲེལ་གཏུག་མཐུན་སྦྱོར་ཐེངས་མང་བྱས་པ་བརྒྱུད། མཐར་ནན་ཅིང་གྲོང་ཁྱེར་ཞོན་ཝུའུ་ཆུས་ཅུན་ཐེན་རུང་དབྱི་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱི་རོགས་སྐྱོར་ཐོབ་ནས་རིན་ཐང་སྒོར་ཁྲི་21.7རི་བའི་ཉི་ནུས་འོད་ཤུགས་སྒྲིག་ཆས་ཆ་ཚང་35ཐག་གཅོད་ཐུབ་བྱུང”ཞེས་ལྷག་པ་ཚེ་རིང་གིས་བཤད། ཉི་ནུས་སྒྲིག་ཆས་ཐག་གཅོད་ཐུབ་རྗེས་གྲོང་སྡོད་ལས་དོན་རུ་ཁག་གིས་རྟག་ཏུ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་གློག་སྤྱོད་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲིལ་བསྒྲགས་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་འོད་ཤུགས་གློག་སྒྲོན་སྒྲིག་ཆས་འཁོར་རྒྱུག་གི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མི་ཐོན་སྔོན་འགོག་བྱེད་ཀྱི་ཡོད།
གཡུ་རྒྱལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོའི་ཀྲུའུ་རེན་འབྱོར་རྒྱལ་དང་ལྷག་པ་ཚེ་རིང་དབར་ལས་ཀའི་ཐད་འབྲེལ་བ་མང་བས་ཁོང་གིས་ལྷག་པ་ཚེ་རིང་གི་ལས་ཀའི་རྣམ་འགྱུར་དང་ལས་ཀའི་ནུས་པར་ཁས་ལེན་ཆེན་པོ་བྱེད་ཀྱི་ཡོད།
“གྲོང་སྡོད་ལས་དོན་རུ་ཁག་གིས་རང་འགུལ་ངང་མ་དངུལ་སྒོར་ཁྲི་600ཙམ་བརྩོན་ལེན་བྱས་ཏེ། ང་ཚོའི་གྲོང་ཚོར་གྲོང་ཚོ་ཨུ་ལྷན་དང་། བ་ཚང་། འཕྲུལ་ཁྲོན། འགྲོ་ལམ་དང་ཟམ་པ་བཅས་གསར་དུ་བསྐྲུན་ཡོད། གྲོང་སྡོད་ལས་དོན་རུ་ཁག་གི་ཐུན་མོང་འབད་བརྩོན་འོག་གཡུ་རྒྱལ་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ནས་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་དཔེ་སྟོན་གྲོང་ཚོར་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་ཐུབ་ཡོད”ཅེས་འབྱོར་རྒྱལ་གྱིས་བཤད།
“གྲོང་སྡོད་ལས་དོན་རུ་ཁག་གིས‘བོད་ལྗོངས་ཤར་བགྲོད’APPདང་དེ་བཞིན་སྐད་འཕྲིན་ཚོགས་པ་སོགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་གསོ་སྦྱོང་ཐེངས་14སྤེལ་བར་སློབ་གསོ་ཐོབ་མཁན་མི་གྲངས་450ལྷག་ཙམ་ཟིན་པ་དང་། རྨང་བརྟན་དམངས་ཕན་གྱི་མ་དངུལ་ལུགས་མཐུན་ངང་སྤྱད་པ་མ་ཟད། འབྲེལ་ཡོད་གོང་རིམ་སྡེ་ཚན་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ་ཕྱུགས་ཟོག་གི་གྲུབ་ཆ་ལེགས་སུ་བཏང་བས་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ལྡབ་འཕར་བྱུང་ནས་སྒོར་ཁྲི་408ཟིན་པ། ཉི་མ་རྫོང་བོད་ལུགས་གསོ་རིག་སྨན་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་གཡུ་རྒྱལ་གྲོང་ཚོར་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བར་ཕན་པ་ཐོབ་པའི་མང་ཚོགས་མི་ཐེངས་500ལྷག་ཙམ་ཟིན་པ་སོགས་གྲོང་ཚོར་བྱ་བཟང་ཧ་ཅང་མང་པོ་བསྒྲུབས་ཡོད”ཅེས་འབྱོར་རྒྱལ་གྱིས་མཐེ་བོང་སྒྲེང་བཞིན་གསར་འགོད་པར་བཤད།
“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་འབྲོག་པ་མང་ཚོགས་ལ་སེམས་ཁུར་དང་གཟིགས་སྐྱོང་གནང་བས། གྲོང་སྡོད་ལས་དོན་བདེ་བླག་ངང་སྤེལ་ཐུབ་ཀྱི་ཡོད། ང་ཚོས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱི་བྱ་བ་ཆུང་ཆུང་འགའ་ཞིག་བསྒྲུབས་པ་ཡིན། མང་ཚོགས་ཀྱི་གནད་དོན་ཐག་གཅོད་ཐུབ་མེད་པ་ད་དུང་མང་པོ་ཡོད། གྲོང་སྡོད་ལས་བྱེད་པ་ཁག་རེ་རེའི་རྒྱུན་མཐུད་འབད་བརྩོན་འོག་གནད་དོན་ཚང་མ་ཐག་གཅོད་ཡག་པོ་ཐུབ་ནས་གཡུ་རྒྱལ་གྲོང་ཚོའི་འབྱུང་འགྱུར་སྔར་བས་ཡག་པོ་ཡོང་ངེས་ཀྱི་ཡིད་ཆེས་ཡོད”ཅེས་ལྷག་པ་ཚེ་རིང་གིས་བཤད།
(ལྷག་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)