《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月23日

“ཁམ་བུའི་མེ་ཏོག་གི་དཔལ་འབྱོར”ལས་ཞིང་པར་ཕན་པ་ཐོབ་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝེ་ཀོན་ཡུས་དང་། དབྱང་ཧྥན། ལུའེ་ཤིང་།

ལོ་གཅིག་དུས་གཅིག་གི་བོད་ཀྱི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་རིང་། རི་འདབས་ཀྱི་ཚང་ཚིང་ཁམ་སྡོང་མེ་ཏོག་ཉེ་འཁོར་དུ་མི་ཚོགས་ཀྱིས་ཁེངས་ཤིང་། པར་རྒྱག་མཁན་གྱི་ཡུལ་སྐོར་བ་ཕུད། ད་དུང་མཛེས་ལྗོངས་ཁུལ་ནང་མི་མང་པོ་ཞིག་བྲེལ་ལ་འཚུབ་འཚུབ་བྱེད་བཞིན་ཡོད།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་མུའུ་270ཡི་ཁམ་བུའི་མེ་ཏོག་ལྡུམ་ར་ནི་གཙང་ལ་གྲལ་འགྲིག་པ་ཞིག་ཡོད་ཅིང་། ལྡུམ་རའི་ནང་དུ་མི་འགའ་ཞིག་གིས་གད་ཕྱིས་བྱེད་པ་དང་། འགའ་ཞིག་གིས་ཡུལ་སྐོར་བར་རྟ་ཁྲིད་ནས་པར་རྒྱག་རོགས་བྱེད་པ། འགའ་ཞིག་གིས་འགྲིམ་འགྲུལ་ཉེན་རྟོག་པར་གཞོགས་འདེགས་བྱས་ནས་འགྲིམ་འགྲུལ་ཤར་གཏོང་ཡོང་བར་བྱེད་པ་བཅས་དང་། ཁམ་བུའི་མེ་ཏོག་ལྡུམ་རའི་ཕྱི་རོལ་གྱི་ཉང་ཆུ་གཙང་པོའི་གྲམ་ཁར་མི་མང་པོ་ཞིག་གིས་ཁམ་སྡོང་འཛུགས་ཀྱིན་དུ་གླུ་ལེན་བཞིན་འདུག

“མཛེས་ལྗོངས་ཁུལ་དུ་ལས་ཀ་བྱེད་མཁན་ནི་ང་དང་འདྲ་བའི་གྲོང་ཚོའི་ཡུལ་མི་རེད” ཉི་མ་ཆོས་སྐྱིད་ཀྱིས་ཕྱག་མ་བསྡུས་ཏེ་ལག་ཐོགས་ཁ་པར་ནས་གསར་འགོད་པར་ཁོང་གི་ལས་ཀའི་གོ་རིམ་བཀོད་སྒྲིག་བསྟན་པ་སྟེ། གཟའ་འཁོར་གོང་མར་གྲམ་ཁར་ཁམ་སྡོང་བཙུགས་པ་དང་གཟའ་འཁོར་འདིར་ཁམ་བུའི་མེ་ཏོག་ལྡུམ་རར་གཙང་སྦྲ་བྱེད་རྒྱུ་ཡིན་པ་རེད། ཀ་ལ་གྲོང་ཚོའི་གྲོང་མིས་ཁམ་བུའི་མེ་ཏོག་དུས་ཆེན་རིང་ལས་ཀ་བཀོད་སྒྲིག་ཧ་ཅང་ཞིབ་ཕྲ་བྱས་པ་མ་ཟད། ད་དུང་སྤ་སེའི་ལས་ཀ་དང་། འཕྲོད་བསྟེན། གཉེར་སྐྱོང་། ངལ་ནུས་སོགས་ལྷུ་ཚིགས་ཀྱི་ལས་བགོས་ཁ་གསལ་བཟོས་ཡོད་པ་གསར་འགོད་པས་མཐོང་བྱུང་།

“གྲམ་ཁའི་སྐྱེ་ཁམས་ཉམས་གསོ་ནི་ད་ལོའི་རྣམ་གྲངས་གསར་པ་ཞིག་ཡིན་ཞིང་། སྡོང་ཕྲུག་ཉིན་གཅིག་བཙུགས་ན་སྒོར་260རག་གི་ཡོད། ཁམ་བུའི་མེ་ཏོག་ལྡུམ་རའི་གཉེར་སྐྱོང་རྣམ་གྲངས་ཀྱི་ཡོང་འབབ་གྲོང་མི་རང་ཉིད་ལ་དབང་བ་ལས་ཁེ་སྤོགས་སྤྱི་ལ་བགོ་བཤའ་རྒྱག་དགོས་མེད། སྒོ་འཛིན་གྱི་ཡོང་འབབ་མཉམ་སྡེབ་ཀྱི་ཁེ་སྤོགས་ནང་འཇུག་དགོས། ལས་རེས་བྱས་ཚེ་ཚང་མར་གཉེར་སྐྱོང་རྣམ་གྲངས་ཀྱི་ཡོང་འབབ་རག་གི་ཡོད་ལ་ངལ་ནུས་ཡོང་འབབ་ཀྱང་རག་གི་ཡོད”ཅེས་ཉི་མ་རྡོ་རྗེས་གསར་འགོད་པར་བཤད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

2023ལོར་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་ལྡུམ་རས་ཡུལ་སྐོར་བ་མི་ཐེངས་ཁྲི་11ལྷག་ཙམ་ལ་སྣེ་ལེན་ཞུས་་པ་དང་མཛེས་ལྗོངས་ཁུལ་གྱི་སྤ་སེ་དང་དེ་བཞིན་འཛད་སྤྱོད་གཉིས་པ་བྱས་པའི་ཡོང་འབབ་སྒོར་ཁྲི་341ལྷག་ཙམ་ཟིན་གྱི་ཡོད་པ་རེད། ཟླ་གོང་མར་གྲོང་ཚོ་དེའི་ལོ་འཁོར་མོའི་ཁེ་སྤོགས་བགོ་བ་དང་ངལ་ནུས་གླ་ཕོགས་སྤྲོད་པ་སོགས་ཁྱོན་སྒོར་ཁྲི་380.6ཟིན་པ་དང་ཁྱིམ་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་11.4ལྷག་ཙམ་བགོས་པ་རེད།

ཉང་ཆུ་གཙང་པོའི་སྨད་རྒྱུད་ཀྱི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་རྡོ་སྟེང་གྲོང་ཚོའི་ལུང་ཤུར་དུ་ཁམ་སྡོང་3000ལ་མེ་ཏོག་རབ་ཏུ་བཞད་ཡོད། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་མཛེས་ལྗོངས་ཁུལ་གྱི་ཕྱི་རོལ་དུ་ཡོད་པའི་གྱོན་ཆས་བརྗེ་སར་རང་ཉིད་དགའ་བའི་བོད་ཆས་བདམས་ཏེ་གྱོན་ནས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ལ་སྐྱོད་ཀྱི་ཡོད།

2023ལོར་ཀོང་པོ་གཞིས་ཡུལ་མཛེས་ལྗོངས་ཁུལ་དུ་ས་གནས་དེ་གའི་གྲོང་མི་50ལྷག་ཙམ་ལས་མིར་བསྡུས་ནས་རྩྭ་ངན་འགོག་པ་དང་། ལུད་རྒྱག་པ། ཡལ་གཅོད་རྒྱག་པ་སོགས་བྱས་ཡོད།

“དུས་ཡུན་རིང་བའི་གླ་པའི་ལོ་རེའི་གླ་ཕོགས་སྒོར་ཁྲི་4ལྷག་ཙམ་ཟིན་པ་དང་ཉིན་རེའི་གླ་པར་ཉིན་གླ་སྒོར་150རག་གི་ཡོད། ང་ཚོས་གྲོང་མིར་ལས་མི་སྤྱོད་པའི་འཆར་གཞི་སྒྲོག་འགྲེལ་བྱས་ནས་གྲོང་མི་དེ་བས་མང་བ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཁྲེན་ལེང་གིས་བཤད།

སྤོ་བོའི་ཁམ་བུའི་མེ་ཏོག་ལུང་ཤུར་དུ་ཁྱིམ་ཚང་མགྲོན་ཁང་དང་། མགྲོན་ཁང་། དམངས་སྲོལ་གནས་ཚང་། གསོལ་མགྲོན་ཁང་བཅས་90ལྷག་ཙམ་ཡོད། གྲོང་མིས“ཁམ་བུའི་མེ་ཏོག་དཔལ་འབྱོར”ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་གཏོང་ཆེད། ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྔ་ནུབ་ཏུ་ས་གནས་དེས“སྤོ་བོ་རྫོང་རིག་གནས་ཡུལ་སྐོར་ཤེས་ལྡན་པའི་གསོ་སྦྱོང་འཛིན་གྲྭ”སྒྲིག་འཛུགས་བྱས་ནས་ཞག་སྡོད་དང་། བཟའ་བཏུང་། ཞིང་ལས་ཁྱད་ལྡན་ཐོན་རྫས་གཉེར་སྐྱོང་བཅས་ཀྱི་ལས་གཉེར་པ་110ལྷག་ཙམ་ལ་སློབ་ཡོན་མི་དགོས་པར་མཛུབ་ཁྲིད་བྱས་པ་རེད།

རྡོ་སྟེང་གྲོང་ཚོའི་ཡུལ་མི་ཉི་མ་རྡོ་རྗེས“སྔོན་ཆད་ཞིང་ལས་ལ་མགོ་འཁོར་ནས་སྡོད་པ་ལས་མེ་ཏོག་ལ་སྣང་བ་དེ་ཙམ་འཇོག་གི་མེད”ང་རང་གིས་དྲན་གསལ་ལ་བྱིས་དུས་སུ་ཨ་མ་གྲོང་ཁྱེར་དུ་ཁམ་བུ་འཚོང་བར་སོང་ན་ཁམ་བུ་སླེ་པོ་གང་ལ་ཉིན་གང་འགོར་རུང་སྒོར་14ལས་རག་གི་མེད་པས་སེམས་སྐྱོ་འོས་པ་ཞིག་ཡོད་ཅེས་བཤད།

ད་ལྟ། ཁམ་སྡོང་དེ་དག་དཔག་བསམ་ཤིང་ལྟ་བུར་གྱུར་ཡོད། ད་ལོའི་ཟླ་དང་པོ་ནས་གསུམ་པའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་230.59ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་20.03བྱུང་ཡོད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་ལུང་ཤུར་དང་ཁམ་བུའི་མེ་ཏོག་གྲོང་ཚོར་ད་དུང་རྣམ་པ་གསར་པ་ཞིག་ཐོན་བཞིན་ཡོད།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན།

(པ་ཕན་གྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)