འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་གསུམ་པའི་ལྷ་སར་དཔྱིད་རླུང་དལ་བུར་ལྡང་ཞིང་། དྲོ་འཇམ་ཉི་འོད་འཁྲུག་ཆ་དོད་པའི་ཁྲོམ་གཞུང་གི་གང་སར་འཕྲོས་ལ། གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པ་དང་ཆབས་ཅིག་སྒ་རྒོད་དང་། སྨྱུག་རྩ། སྲན་རིལ་སོགས་དཔྱིད་དུས་ཀྱི་ཚལ་མང་པོ་ཞིག་ཁྲོམ་རར་བཏོན་ཏེ། ས་མཐོའི་གྲོང་མི་ཚོའི་གསོལ་ལྕོག་ཐོག་བྲོ་བ་ཞིམ་པའི་ཚལ་མང་པོ་བསྣན་ཡོད།
སྐུ་འབུམ་ཐང་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་རར་སྐྱོད་སྐབས་སྔོ་ཚལ་ཁུལ་གྱི་ཁྲོམ་བཀྱག་ཐོག་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་སྔོ་ཚལ་སྣ་ཚོགས་ཡོད་པ་རེད། ཚལ་ཚོང་མཁན་གྱིས་ཚལ་རྣམས་གྲལ་འགྲིག་པོར་འཇོག་གིན་ཚལ་ཉོ་མཁན་ལ་ཁ་ཡ་བྱེད་ཅིང་། གྲོང་མི་ཚོས་མི་ཚོགས་མང་བའི་ཚལ་ཁྲོམ་ཁྲོད་འཚང་ཁ་ཤིག་ཤིག་གིས་བསྐྱོད་དེ་རང་ལ་མཁོ་བའི་སྔོ་ཚལ་འདེམས་བཞིན་མཆིས།
ལྷ་སར་ཞིང་ནང་མུ་ཁ་ནས་མི་སེར་གྱི་གསོལ་ལྕོག་བར་དུ་མཁོ་སྤྲོད་འགན་ལེན་གྱི་འཁོར་འབྲེལ་འཁོར་རྒྱུག་བརྟན་པོར་ཐུབ་ཅིང་། ཆུ་ཤུར་དང་སྟོད་ལུང་སོགས་ས་གནས་དེ་གའི་སྔོ་ཚལ་རྟེན་གཞིས་དུས་ཚོད་དམ་འཛིན་བྱས་ཏེ། ས་གནས་དེ་གའི་སྔོ་ཚལ་མཁོ་འདོན་ཡག་པོ་ཐུབ་པའི་འགན་ལེན་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་འདོམས་བཀོད་གཏོང་གིས་ཟོག་འགྲེམས་ལམ་བུ་ཤར་གཏོང་ཐུབ་པར་བྱས་ཏེ། ཚལ་སྣ་ཚོགས་དུས་ཐོག་ཏུ་ཁྲོམ་རར་མཁོ་འདོན་བྱེད་བཞིན་ཡོད། ཁྲོམ་རར་སྔོ་ཚལ་གྱི་རིན་གོང་བརྟན་པོ་དང་འདང་ངེས་ཡོད་པས་གྲོང་མི་ཚོ་ཚལ་ཉོ་བར་ཡོང་སྐབས་བློ་ཡིད་ཚིམ་པོ་བྱུང་ཡོད།
དཔྱིད་དུས་ཀྱི་སྔོ་ཚལ་དག་གིས་གྲོང་མིའི་གསོལ་ལྕོག་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ། ཆུང་ས་ནས་གྲོང་ཁྱེར་གྱི་དམངས་འཚོའི་དྲོད་འཁོལ་དེ་བས་ཀྱང་མཚོན་གྱི་ཡོད། གནམ་གཤིས་ཉིན་བཞིན་དྲོ་རུ་ཕྱིན་ནས་སྔོ་ཚལ་སོས་པ་སྔར་ལས་མང་བ་གཅིག་རྗེས་གཉིས་མཐུད་དུ་ཁྲོམ་རར་བཏོན་པ་དང་ཆབས་ཅིག ལྷ་སའི་གྲོང་མི་རྣམས་ཀྱི་ཉིན་མཁོའི་ཚལ་སྣ་དེ་བས་ཀྱང་ཕུན་སུམ་ཚོགས་སུ་འགྲོ་རྒྱུ་ཡིན་པ་སྨོས་ཅི་དགོས།
(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསྟན་འཛིན་རྣམ་རྒྱལ་གྱིས་ཞུས)