04

2025ལོར་བོད་ལྗོངས་ཉིང་ཁྲིའི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་16ལས་བརྒལ་བ། 2026年01月20日

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གློག་འདོན་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2025ལོར་ཉིང་ཁྲི་གྲོང་ཁྱེར་གྱི་གློག་ཤུགས་འཛད་སྤྱོད་ཐད་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕར་བའི་རྣམ་པ་མངོན་ནས། ལོ་ཧྲིལ་པོར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་16.73ཟིན་པ་དེ་དུས་མཚུངས་ལས་19.21%འཕར་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་མཉེན་གཤིས་གང་ལེགས་མངོན་ཡོད་པ་རེད།

2025ལོར་ཉིང་ཁྲི་གྲོང་ཁྱེར་གྱི་གློག་སྤྱོད་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཡོད་ཅིང་། དེའི་ནང་ཐོན་ལས་དང་པོའི་གློག་སྤྱོད་ཚད་དུས་མཚུངས་ལས་41.17%འཕར་ཏེ་ཆུ་ཚོད་ཆན་ཝ་དུང་ཕྱུར་0.15ཟིན་ནས་དེང་རབས་ཀྱི་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ་མཚོན་པ་དང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་3.73ཟིན་ཏེ་དུས་མཚུངས་ལས་21.19%འཕར་ནས་ནུས་རྒྱུ་གཙང་མ་དང་ཁྱད་ལྡན་ལས་སྣོན་སོགས་མཚོན་བྱེད་དུ་བྱེད་པའི་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བ་མཚོན་པ། གློག་སྤྱོད་གཙོ་ཤུགས་ཡིན་པའི་ཐོན་ལས་གསུམ་པའི་ལོ་ཧྲིལ་པོའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་10.4ཟིན་ཏེ་20.36%འཕར་ནས་རིག་གནས་ཡུལ་སྐོར་དང་། ཚོང་དོན་ཟོག་འགྲེམས། བཟའ་བཏུང་ཞབས་ཞུ་སོགས་ལས་རིགས་ཀྱི་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་མངོན་ཡོད་པ་རེད།