02

སྡེ་ཚན་བཅུ་དྲུག་གིས། 2026ལོའི་དགུན་གསེང་རིང་བྱིས་པར་གཅེས་སྐྱོང་གི་བྱེད་སྒོ་སྤེལ་བ། 2026年01月20日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། གསར་འགོད་པར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་སྡེ་ཚན་16གིས་བརྡ་ཐོ་བཀྲམ་ནས“བརྩེ་བ་ཁྱིམ་ལ་འཆང་། བྱིས་པའི་འཚར་ལོངས་ལ་གཡས་གཞོགས་གཡོན་འདེགས་བྱེད”ཅེས་པའི་2026ལོའི་དགུན་གསེང་རིང་བྱིས་པར་གཅེས་སྐྱོང་གི་བྱེད་སྒོ་སྤེལ་རྒྱུ་མཉམ་དུ་བཀོད་སྒྲིག་བྱས་ཏེ། རྒྱ་ཆེའི་བྱིས་པ་ཚོར་བདེ་འཇགས་དང་དྲོ་སྐྱིད། བདེ་ཐང་དང་སྤྲོ་སྣང་། དོན་སྙིང་ལྡན་པ་བཅས་ཀྱི་གུང་གསེང་ཞིག་གཏོང་ཐུབ་པར་བྱས་ཡོད།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། སྔོན་འགོག་གཙོ་བཟུང་མཐའ་འཁྱོངས་བྱས་ནས་གུང་གསེང་རིང་གི་བྱིས་པའི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་སྟེ་བྱིས་པའི་ཁྲིམས་སྐྱོང་གི་བྱང་ཚད་དང་རང་སྲུང་ནུས་པ་ཆེ་རུ་གཏོང་དགོས།

དགུན་གསེང་རིང་ཐོན་སླ་བའི་མེ་ཟོན་བདེ་འཇགས་དང་། འགྲིམ་འགྲུལ་བདེ་འཇགས། བཟའ་བཅའི་བདེ་འཇགས། དྲ་རྒྱའི་ཉེན་ཁ་སོགས་ཀྱི་གནད་དོན་ལ་དམིགས་ནས། བརྗོད་དོན་གཙོ་བོའི་བདེ་འཇགས་སློབ་གསོ་སྤེལ་ཏེ་བྱིས་པ་ཚོའི་འགོག་ཟོན་ནུས་པ་ཆེ་རུ་གཏོང་དགོས།