མཛེས་སྡུག་ལྡན་པའི་ཁུན་ཧ་གཙང་པོའི་གྲོག་རོང་དུ། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་སུའུ་ཅི་ཅི་ནཱ་ལི་ཆུ་ཤུགས་གློག་ཁང་གི་མེ་ལོང་ལྟ་བུའི་ཆུ་ངོས་སུ་རྒྱང་རིང་གི་གངས་རི་དང་ངོགས་གཉིས་ཀྱི་གསོམ་ཤིང་གསལ་ལེར་འཆར། གཙང་པོའི་སྨད་རྒྱུད་དུ་བསྐྲུན་པའི་བཟོ་གྲྭ་གཙོ་བོའི་ནང་ཆུ་འཁོར་འཕྲུལ་ཚན་བཞི་བརྟན་པོའི་ངང་འཁོར་སྐྱོད་བྱས་ཏེ། ཆུ་ཁ་མཐོ་ཚད་སྨི་923.7གྱི་ཧེ་བག་དེ་རྒྱུན་ཆད་མེད་པའི་ནུས་རྒྱུ་གཙང་མའི་གློག་ནུས་སུ་སྒྱུར་བཞིན་ཡོད།
ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཕྱི་རྒྱལ་མ་འཇོག་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པ་དང་གཉེར་སྐྱོང་བྱེད་པའི་སུའུ་ཅི་ཅི་ནཱ་ལི་ཆུ་ཤུགས་གློག་ཁང་2024ལོའི་ཟླ་9པར་ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ལོ་གཅིག་ལྷག་ཙམ་རིང་ཆུ་ཤུགས་གློག་ཁང་གིས“ལས་འཛོལ་གཅིག་ཀྱང་མ་ཐོན་པ་དང་གྱོང་གུན་གཏན་ནས་མ་ཕོག་པའི”བདེ་འཇགས་གཉེར་སྐྱོང་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱས་ནས། ནུས་རྒྱུ་གཙང་མའི་གློག་ནུས་ཆུ་ཚོད་ཆན་ཝ་དུང་ཕྱུར་28བཏང་བ་དེ་ཕ་ཁི་སི་ཐན་གྱི་ཁྱིམ་ཚང་ཁྲི་100ཡི་ལོ་ཧྲིལ་པོའི་གློག་སྤྱོད་ཚད་དང་མཚུངས་ཀྱི་ཡོད།
ཨ་ལི་ཡི་ཁྱིམ་དེ་སྔ་ཆུ་ཤུགས་གློག་ཁང་གི་ཆུ་གསོག་ཁུལ་དུ་གནས་ཡོད། 2017ལོར་ཆུ་ཤུགས་གློག་ཁང་གཉེར་སྐྱོང་ཚོགས་པའི་རོགས་སྐྱོར་འོག་ཁོ་པ་ཀྲུང་གོའི་ཅི་ལིན་སློབ་ཆེན་དུ་རྒྱུགས་ལོན་ནས་རབ་འབྱམས་པའི་སློབ་གནས་འགྲིམས་པ་དང་སློབ་མཐར་ཕྱིན་རྗེས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་དང་འཁོར་སྐྱོད་བདག་སྐྱོང་ཚོགས་པར་ཞུགས། ཨ་ལི་དང་འདྲ་བའི་ས་གནས་དེ་གའི་ཡུལ་མི་ད་དུང་མང་པོ་ཡོད། རྣམ་གྲངས་འཛུགས་སྐྲུན་གྱི་ལས་བྲེལ་ཆེ་བའི་སྐབས་ས་གནས་དེར་ཐད་ཀར་ལས་གནས་6000ལྷག་ཙམ་མཁོ་འདོན་ཐུབ་པ་དང་གཉེར་སྐྱོང་བྱས་རྗེས་གཏན་འཇགས་ཀྱི་ལས་གནས་100ལྷག་ཙམ་མཁོ་འདོན་ཐུབ་ཀྱི་ཡོད།
ཆུ་ཤུགས་གློག་ཁང་བསྐྲུན་རྗེས་ཡུལ་གཞན་དུ་གནས་སྤོས་སྡེ་ཁུལ་དང་མཐའ་འཁོར་ས་ཁུལ་གྱི་གྲོང་མིའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་ཨ་ལི་ཡིས་བཤད། “གློག་ཤུགས་བརྟན་པས་ང་ཚོས་ཁྱིམ་ཆས་གསར་པ་ཉོས་པ་ཡིན། སྔོན་ཆད་འཁྱགས་སྒམ་དང་རླུང་གཡབ་སོགས་ཚང་མ་ང་ཚོའི་རེ་བ་ཙམ་ཡིན། ད་ཆ་དངོས་སུ་སྤྱོད་རྒྱུ་བྱུང་བས་འཚོ་བ་སྟབས་བདེ་དང་སྐྱིད་དུ་སོང་ཡོད། དེ་སྔ་གློག་དཀོན་པས་ས་གནས་འདིའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ནཱ་ལན་གྱི་རི་ལམ་ལ་མཚན་མོའི་གློག་སྒྲོན་མེད་སྟབས་འགྲོ་ཁག་པོ་ཡོད། དེར་བརྟེན་ཡུལ་སྐོར་བ་མང་ཆེ་བས་ཉིན་མོ་ཡུན་ཙམ་ལས་སྡོད་ཀྱི་མེད”ཅེས་བཤད། ད་ལོ་མཛེས་ལྗོངས་ཁུལ་དུ་མཚན་མོའི“དཀར་གསལ་ལས་གྲྭ”ལག་ལེན་བསྟར་ཏེ། མགྲོན་ཁང་མང་པོས་གློག་གི་ཆུ་དྲོད་གཏོང་ཆས་དང་གློག་གི་དྲོད་རླངས་སྒྲིག་སྦྱོར་བྱས་ཡོད། ད་ཆ་ནཱ་ལན་དུ་ཉི་ཤར་དང་ཉི་ནུབ་ཀྱི་མཛེས་ལྗོངས་ལ་ལྟ་རྒྱུ་དེ“གཱ་ཐོ་འགོད་ས”གསར་པ་ཞིག་ཏུ་གྱུར་ཏེ། ས་གནས་དེ་གར་ཡུལ་སྐོར་བ་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་མི་རེའི་ཆ་སྙོམས་འཛད་སྤྱོད་བྱེད་ཚད་ཀྱང་རིམ་བཞིན་མཐོ་རུ་ཕྱིན་ཡོད་པ་རེད།
ཆུ་ཤུགས་གློག་ཁང་རྣམ་གྲངས་དོ་དམ་ཚོགས་པས་ད་དུང་ས་གནས་དེ་གའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གཏིང་ཤུགས་བརྟག་ཞིབ་བྱས་ནས་དམངས་འཚོའི་རྣམ་གྲངས་རབ་དང་རིམ་པ་ལག་ལེན་བསྟར་ཡོད། ཧ་སི་ནའེ་དབྱིན་ནི་སུའུ་ཅི་ཅི་ནཱ་ལི་ཆུ་ཤུགས་གློག་ཁང་གི་བདེ་འཇགས་དང་། སྤུས་ཚད། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ལག་རྩལ་ཆེ་མོ་བ་ཞིག་ཡིན། ཁོང་དང་ལས་རོགས་ཚོས་ས་གནས་དེ་གའི་ཉ་ལས་སྡེ་ཚན་དང་འབྲེལ་གཏུག་བྱས་རྗེས། ཁུན་ཧ་གཙང་པོའི་འབབ་རྒྱུད་ཀྱི་ཐོན་ཁུངས་ལུགས་མཐུན་ངང་སྤྱད་ནས་ས་གནས་དེར་ཉ་གསོ་ར་བ་ཞིག་བསྐྲུན་ཏེ་ཉ་རིགས་སྐྱེ་འཕེལ་དང་། ཆུར་གློད། ལྟ་ཞིབ་ཚད་ལེན་བཅས་བྱེད་ཀྱི་ཡོད།
“ང་དང་ལས་རོགས་ཚོའི་ངོས་ནས་བཤད་ན། ལས་ཀ་འདི་བྱེད་རྒྱུ་བྱུང་བར་སྤོབས་པ་སྐྱེ་གི་འདུག”ཨ་ལི་ཡིས་ཁོངས་མི་ཚང་མས་ཆུ་ཤུགས་གློག་ཁང་ལ་བརྩེ་བ་ཆེན་པོ་བཅངས་ཡོད་པས། ཆུ་ཤུགས་གློག་ཁང་ཡུན་རིང་བརྟན་ལ་ཆུ་ཚད་མཐོ་པོས་འཁོར་སྐྱོད་ཐུབ་པར་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བཤད། ཧ་སི་ནའེ་དབྱིན་གྱིས་གོ་སྐབས་དེ་བས་མང་བ་ཐོབ་པར་བྱས་ཏེ་ཆུ་ཤུགས་གློག་ཁང་གི་ལས་སྟེགས་ལ་བརྟེན་ནས་མཐའ་འཁོར་སྡེ་ཁུལ་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།
(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)