འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་2ཉིན་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས“ལས་ཆོད་ཆེན་པོས་བྱ་བ་རེ་སྒྲུབ་པའི”ལས་དོན་ལ་ཕན་འབྲས་ཐོན་པར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། “གཙོ་གནད་དོན་ཚན་42+1”ཚང་མ་2025ལོའི་ལོ་མཇུག་གོང་དྲ་ཐོག་ཏུ་འཁོར་སྐྱོད་ཐུབ་པའི་དམིགས་ཚད་སྔ་སྣུར་དུ་ལེགས་སྒྲུབ་བྱས་པས། དོན་དག་ཡོངས་སུ་སྒྲུབ་གཉེར་དང་། བརྒྱུད་རིམ་ཡོངས་སུ་ལེགས་གཏོང་། ས་ཁོངས་ཡོངས་ལ་ཁྱབ་པ། ཚད་གཞི་ཡོངས་སུ་གཅིག་གྱུར། གྲངས་གཞི་ཡོངས་སུ་ཤར་གཏོང་བཅས་མངོན་འགྱུར་བྱུང་ཡོད། མིག་སྔར། བོད་ལྗོངས་སུ“རེ་ཞུའི་རེའུ་མིག་མང་པོ་གཅིག་སྒྲིལ་དང་། དྲ་ཐོག་རེ་ཞུ། དཔྱད་ཡིག་ཐེངས་གཅིག་འདོན་སྤྲོད”བཅས་མངོན་འགྱུར་བྱུང་བས། གཙོ་གནད་དོན་ཚན་གྱི་ཆ་སྙོམས་རྒྱུག་སྐྱོད་ཐེངས་གྲངས་དང་། སྒྲུབ་གཉེར་དུས་བཀག དཔྱད་ཡིག་འདོན་སྤྲོད་བཅས་86.96%དང་། 57.71% 57.24%སོ་སོར་ཉུང་དུ་ཕྱིན་ཡོད།
“ལས་ཆོད་ཆེན་པོས་བྱ་བ་རེ་སྒྲུབ་པ”ནི་སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། སྲིད་འཛིན་ཕན་ནུས་ཆེ་རུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཆར་འགོད་ཞིབ་ཚགས་ཀྱིས་ལག་བསྟར་དང་སྤྱི་འདོམས་བཀོད་སྒྲིག་བྱས་པར་མཐོ་གནས་ལ་སྐུལ་འདེད་དང་། གསལ་ཐོའི་དོ་དམ། རྣམ་གྲངས་འགག་སྒྲོལ། རྒྱུན་རྣམ་ལག་བསྟར། ཞབས་ཞུ་འགན་ལེན། གསོ་སྦྱོང་དྲིལ་བསྒྲགས་བཅས་ཀྱི་ལས་ཀའི་ལམ་སྲོལ་ཁག་དྲུག་ཆགས་པར་བྱས་པ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས“སྣེ་ཁྲིད་ནས་སྒྲུབ་གཉེར་བྱེད་པ”དང་སྣེ་ཁྲིད་སྡེ་ཚན་གྱིས“གཙོ་གཉེར་བྱེད་པ” འགན་འཁུར་སྡེ་ཚན་དང་དེ་བཞིན་ས་གནས(གྲོང་ཁྱེར)ཀྱིས“ཆེད་སྒྲུབ”དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས“སྒྲུབ་སྐུལ་བྱེད་པ”བཅས་ཀྱི“གཞུང་ལས་ཁང་བཞིའི་མཐུན་སྦྱོར”གྱི་ལས་ཀའི་རྣམ་པ་བཏོད་པ། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས“བོད་ལྗོངས་ཡོངས་སྤྱི་འདོམས་དང་ལྗོངས་དང་གྲོང་ཁྱེར་མཉམ་སྐྲུན”གྱི་བསམ་ཕྱོགས་གཏན་འཁེལ་བྱས་ཏེ། ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་དང་གྲོང་ཚོ་བཅས་རིམ་ལྔའི་སྲིད་དོན་ཞབས་ཞུ་ཡོངས་སུ་ཁྱབ་ཐུབ་པ་བྱས་པ། བོད་ཀྱི་སྲིད་དོན་ཆ་འཕྲིན་གྲངས་གཞི་མཉམ་སྤྱོད་བརྗེ་རེས་ལས་སྟེགས་ཀྱི“བགྲོད་ལམ་གཙོ་བོ”བཏོད་ནས་རྒྱལ་ཁབ་དང་བོད་ལྗོངས་ནང་ཁུལ་གྱི་ལས་རིགས་དང་། ཁྱབ་ཁོངས་། རིམ་པ་བཅས་ལས་བརྒལ་བའི་གྲངས་གཞི་མཉམ་སྤྱོད་བརྗེ་རེས་ཀྱི་ཐབས་ལམ་ཤར་གཏོང་བྱས་པ། བཀོད་གཏོང་ལམ་སྲོལ་བཙུགས་ནས་ལྷུ་ཚིགས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཐད་ཞིབ་ཕྲའི་དམིགས་ཚད་བླང་བྱ་ཁ་གསལ་བཟོས་པ་མ་ཟད། གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས“ཕྱོགས་སྟོན་དབྱུག་གུའི”ནུས་པ་གང་ལེགས་བཏོན་ཡོད།