01

2025ལོར་འབྲི་ཆུའི་གྲུ་ཁ་ཨ་མ་ནས་དངོས་ཟོག་འབེབས་འཇུག་བྱེད་ཚད་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། 2025年12月31日

ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་12ཚེས་29ཉིན་གློག་འཕྲིན་འབྱོར་གསལ། 2025ལོར་འབྲི་ཆུའི་གྲུ་ཁ་ཨ་མ་ནས་དངོས་ཟོག་འབེབས་འཇུག་བྱེད་ཚད་སྔོན་དཔག་བྱས་ན་ཏུན་དུང་ཕྱུར་42ལྷག་ཙམ་ཟིན་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་ཡིན་ཞིང་། འདི་ནི་གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་འབྲི་ཆུའི་ཆུ་ཐོག་སྐྱེལ་འདྲེན་ལས་དོན་དོ་དམ་ཅུས་ཀྱིས་ཟླ་12ཚེས་29ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

འབྲི་ཆུའི་ཆུ་ཐོག་སྐྱེལ་འདྲེན་ལས་དོན་དོ་དམ་ཅུས་ཀྱིས་ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། 2025ལོར་འབྲི་ཆུའི་གྲུ་ཁ་ཨ་མ་ནས་དངོས་ཟོག་འབེབས་འཇུག་བྱེད་ཚད་ཏུན་དུང་ཕྱུར་42ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་4.8%འཕར་བ་དང་། ཡུལ་སྐོར་མཚོ་གྲུས་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་885ཟིན་པ་དེ་དུས་མཚུངས་ལས་3.5%འཕར་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། འབྲི་ཆུའི་གྲུ་ཁ་ཨ་མ་ནས་དངོས་ཟོག་འབེབས་འཇུག་བྱེད་ཚད་ཏུན་དུང་ཕྱུར་192ལྷག་ཙམ་ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པ”ལས་30.1%འཕར་ཡོད་པ་རེད།

འབྲི་ཆུའི་ཆུ་ཐོག་སྐྱེལ་འདྲེན་ལས་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཅན་པིན་གྱིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་5ཡི་རིང་། འབྲི་ཆུའི་གྲུ་ཁ་ཨ་མའི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཏུན་དུང་ཕྱུར་ཟིན་པའི་གྲུ་ཁ་ཆེ་གྲས་ཁག་12ནས་ཁག་18བར་མང་དུ་ཕྱིན་པ་དང་། ཏུན་ཁྲི་རིམ་པའི་ཐོན་སྐྱེད་རང་བཞིན་གྱི་གྲུ་ཚུགས་ཁག་360ནས་ཁག་487བར་མང་དུ་ཕྱིན་ཡོད། ཅིན་ཅང་གཙང་པོའི་གྲུ་ལམ་བཅོས་སྒྲིག་གི་དུས་ཐེངས་གཉིས་པའི་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་བ་དང་། ནན་ཅིང་ནས་ཝུའུ་ཧུའུ་དུམ་བུའི་བར་གྱི་སྨི་10.5ཟིན་པའི་ཆུ་བྱིངས་གྲུ་ལམ་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་བསྟུན་ནས། གྲུ་གཟིངས་ཆེ་གྲས་ཤར་གཏོང་ཐུབ་པའི་ནུས་པ་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཏེ། འབྲི་ཆུའི་ཆུ་ལམ་ཡག་ཤོས་ཀྱི་འཐབ་ཇུས་བགྲོད་ལམ་གྱི་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)