འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཡོངས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་དགུན་དཔྱིད་རིང་རོགས་སྐྱོབ་བྱེད་པའི་ལས་དོན་ཧུར་ཐག་སྤེལ་ཞིང་། ཉེ་ཆར། དགུན་དཔྱིད་རིང་ཀྲུང་དབྱང་གིས་གནས་སྐབས་འཚོ་བའི་དཀའ་ངལ་ལ་རོགས་སྐྱོབ་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་44.4སྤྲད་དེ། གནོད་འཚེ་ཚབས་ཆེན་ཕོག་པའི་ས་ཁུལ་དང་། མཐོ་གྲང་དང་གྲང་ངར་ཆེ་བའི་ས་ཁུལ། འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་སོགས་ལ་གཙོ་བོར་ཕྱོགས་ཏེ། མི་གྲངས་ཁྲི་2601ལ་ཕན་པ་ཐོབ་པར་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དཀའ་ངལ་ཐག་གཅོད་ཡག་པོ་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཚ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པར་བྱ་རྒྱུ་རེད།
ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས། ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་དགུན་དཔྱིད་ཀྱི་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཐོག ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་ཀྱི་ཇུས་གཞི་བཟོ་བ་དང་། རིགས་དབྱེ་དང་རིམ་པ་ཕྱེ་ནས་རོགས་སྐྱོབ་ཚད་གཞི་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་བྱ་ཐབས་ཞིབ་ཕྲ་དོན་འཁྱོལ་བཅས་བྱས་ཏེ། མ་དངུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་བཀག་ཉར་དང་། གཞན་སྤྱོད། གཤམ་སྤྲོད་ནར་འགྱངས་སམ་ཡང་ན་ཉར་ནས་མི་སྤྱོད་པ་བཅས་གཏན་འགོག་མཐའ་གཅིག་ཏུ་བྱས་ནས། སྲིད་ཇུས་ཀྱི་གཏན་འབེབས་ལྟར་གནོད་འཚེ་ཕོག་པའི་མང་ཚོགས་ལ་མ་དངུལ་དུས་ཐོག་ཏུ་སྤྲོད་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
(པ་སངས་ཚེ་རིང་གིས་བསྒྱུར། སྐལ་མཆོག་དང་པ་ཚེས་ཞུས)