ལྷོ་རྒྱ་མཚོའི་འགྲམ་ངོགས་སུ། འཛམ་གླིང་ཐོག་ཆུ་ཚད་མཐོ་ཤོས་ཀྱི་སྒོ་དབྱེའི་རྣམ་པའི་རང་མོས་ཚོང་དོན་གྲུ་ཁ་ཞིག་འཚོལ་ཞིབ་བྱས་ནས་མགྱོགས་མྱུར་ཆགས་བཞིན་ཡོད་དེ།
སྐར་མ་གཅིག་རིང་ལ། ཧའེ་ནན་སན་ཡཱ་ཧྥུང་ཧོང་རྒྱལ་སྤྱིའི་གནམ་ཐང་དུ། འགག་སྒོ་ལས་ཁུངས་དང་བདེ་འཇགས་ཞིབ་བཤེར་སྡེ་ཚན་གྱིས་བརྙན་ཤེལ་བརྒྱུད་རྡོག་ཁྲེས་ཀྱི་པར་རིས་དེ་མ་ཉིད་དུ་སྟོན་བཞིན་ཡོད་སྟབས། འགྲུལ་པས་རྡོག་ཁྲེས་ཡང་ཡང་དབོར་དགོས་མེད་པར། “བདེ་འཇགས་ཞིབ་བཤེར་བྱེད་ཐེངས་གཅིག”གིས་ཆོག་གི་ཡོད་པ་རེད།
སྐར་མ་གཉིས་ཀྱི་རིང་ལ། ཧའེ་ནན་ཧའེ་ཁོའུ་ཡི་གྲུ་ཁ་གསར་པ་དང་གྲུ་ཁ་ལྷོ་མའི“རིམ་གཉིས་འགག་སྒོའི”(དངོས་ཟོག་དབོར་འདྲེན)གཅིག་སྡུད་ཞིབ་བཤེར་ས་ཚིགས་སུ། དོས་སྒམ་ཟོག་འདྲེན་རླངས་འཁོར་ཞིག་འགག་སྒོའི་ཞིབ་བཤེར་བྱས་ཟིན།
ད་ལོའི་ཟླ་12ཚེས་18ཉིན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁས་གླིང་ཕྲན་ཡོངས་ཀྱི་སྒོ་ཁྲལ་བསྡམས་ཤིང་། ཁྱབ་ཁོངས་ཆེན་པོས་སྒོ་ཁྲལ་སྡོམ་པ་དེ་ནི་འཛམ་གླིང་ཡོངས་སུའང་སྤྱོད་ཆོག་པའི་ཉམས་མྱོང་མེད།
“ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་སྐྲུན་པའི་འཐབ་ཇུས་ཀྱི་དམིགས་ཚད་ནི། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དེ་ཉིད་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་དབྱེར་ཁྲིད་སྟོན་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་གཏོད་རྒྱུ་དེ་རེད” “སྒོ་ཁྲལ་བསྡམས་རྗེས། ཧའེ་ནན་ལ་ཁྱབ་ཁོངས་དེ་བས་ཆེ་བ་དང་རིམ་པ་དེ་བས་ཟབ་པའི་སྒོ་ནས་སྒོ་དབྱེར་སྐུལ་འདེད་གཏོང་བའི་རྨང་གཞིའི་ཆ་རྐྱེན་ལྡན་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་རེ་ཟབ་མོ་གནང་ནས་གསུངས་ཡོད།
ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་སྒོ་ཁྲལ་སྡོམ་འགོ་ཚུགས་པའི་གཟའ་འཁོར་དང་པོར། “རིམ་པ་དང་པོའི”“སྒོ་ཁྲལ་མེད་པའི”ནང་འདྲེན་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་4ལྷག་ཙམ་ཟིན་པ་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཐོ་བཀོད་ཁེ་ལས་གསར་པ་1972མང་དུ་ཕྱིན་པ་དེ་དུས་མཚུངས་ལས་ལྡབ་2.3འཕར་བ། གླིང་བྲལ་གྱི་ཁྲལ་མེད་དངོས་ཟོག་ཉོ་སྒྲུབ་བྱེད་ཚད་སྒོར་དུང་ཕྱུར་11ཟིན་པ་དེ་དུས་མཚུངས་ལས་54.9%འཕར་བ། མཁའ་འགྲུལ་དབང་ཆ་བདུན་པ་ཡོད་པའི་མཁའ་ལམ་ཐོག་མ་སྤྱོད་འགོ་ཚུགས་པ་ལ་སོགས།
འཛུགས་སྐྲུན་གྱི་བསམ་བཀོད་ནས་ཐོག་མའི་བཟོ་དབྱིབས་རགས་ཙམ་གྲུབ་པའི་བར་དང་། “རིམ་པ་བཞིན་འཚོལ་ཞིབ”ནས“སྐུལ་སྤེལ་མྱུར་པོ་གཏོང་བའི”བར། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་མཐོ་ས་གསར་པ་ཞིག་རིམ་བཞིན་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོད།
ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ལས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་སྒོ་དབྱེར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་བྱེད་པའི་རྣམ་འགྱུར་གསལ་པོ་མཚོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་རང་འགུལ་ངང་འབྲེལ་མཐུད་དང་བསྡུ་ལེན་ཧུར་ཐག་བྱས་ཏེ། ལམ་ལུགས་རྣམ་པའི་སྒོ་དབྱེ་གོམ་སྟབས་བརྟན་པོས་རྒྱ་ཆེར་གཏོང་བ་དང་། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་སྐྲུན་དགོས”ཞེས་གསུངས་ཡོད།
སྒྱུར་བཅོས་སྒོ་དབྱེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བས་ཕྱི་ཕྱོགས་སྒོ་དབྱེ་དེ་བས་རྒྱ་ཆེར་ཕྱིན་ཡོད།
རིམ་པ་རྒྱུན་མཐུད་ཟབ་ཏུ་ཕྱིན་པ།
ནང་འདྲེན་སྨན་བཅོས་ཡོ་བྱད་ཆུ་ཚོད་གཅིག་ནང་ཚུན་དུ་འགག་སྒོ་སྒྲོལ་ཐུབ་ཀྱི་ཡོད། “རྒྱལ་སྒྲོལ་ཚན་ཞིབ་ལས་དོན་སྒྲུབ་པའི་མྱུར་ཚད་མགྱོགས་སུ་ཤུགས་ཆེན་ཕྱིན་འདུག”ཅེས་ཡེ་ཅུད་སྨན་བཅོས་ཡོ་བྱད(ཧྲེན་ཀྲེན)ཚད་ཡོད་ཀུང་སིའི་དོ་དམ་སྤྱི་ཁྱབ་ལྟ་ཞིབ་པ་གཞོན་པ་ཝུའུ་དབྱི་ཧུའེ་ཡིས་བློ་མགུ་པོས་བཤད།
ཧྲེན་ཀྲེན་དང་ཤང་ཀང་ཚན་རྩལ་གསར་གཏོད་མཉམ་ལས་ཀྱི“ཚོད་ལྟ་བྱ་ཡུལ”ཡིན་པའི་ཧོ་ཐའོ་ཧྲེན་ཀང་ཚན་རྩལ་གསར་གཏོད་མཉམ་ལས་ཁུལ་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། མིག་སྔར་རྩེར་སོན་ཚན་ཞིབ་རྣམ་གྲངས་200ལྷག་ཙམ་དང་། ཚན་རྩལ་ཁེ་ལས་447 ཚན་ཞིབ་ཤེས་ལྡན་པ་ཁྲི་1.5ལྷག་ཙམ་བཅས་འདུས་ཡོད།
ཆུ་ཚད་མཐོ་བའི་སྒོ་དབྱེའི་ལས་སྟེགས་རེ་རེར་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་པ་སྟེ། ལོ་རེར་རྩིས་ན་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་834.9ཟིན་པ་དང་། རྒྱལ་ཁབ་དང་ས་ཁུལ་138ཀྱི་ཁེ་ལས་4108འགྲེམས་སྟོན་ལ་ཞུགས་ཏེ། ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་གཞི་ཁྱོན་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། རང་མོས་ཚོང་དོན་ཚོད་ལྟ་ཁུལ་22ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་ནས། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་ཐུབ་སྟེ། རྒྱལ་ཡོངས་ཀྱི་ཕྱི་རྒྱལ་ཚོང་པའི་མ་འཇོག་དང་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་ལ་20%ཙམ་ལེགས་སྐྱེས་ཕུལ་བ། ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བརྒྱབ་ན་ཐེངས་ཁྲི་12ལྷག་ཙམ་བཏང་ནས། 2024ལོར་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་དངོས་ཟོག་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་22.1ཟིན་པ་ལ་སོགས།
“ལོ་རྒྱུས་ནི་དུང་འཁྱིལ་རྣམ་པ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད། སྔོན་ཆད་ང་ཚོའི་སྒོ་དབྱེ་ནི‘རྗེས་རྒྱུག་པ’རེད། ད་ཆ་ང་ཚོའི་སྒོ་དབྱེ་ནི‘ཁྲིད་རྒྱུག་པ’རེད། འདི་ནི་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་འདི་ལས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་གཏན་ཚིགས་གསལ་སྟོན་གང་ལེགས་གནང་ཡོད།
སྒོ་མོ་ཇི་ཙམ་ཕྱེ་ན་དེ་ཙམ་འཕེལ་རྒྱས་འགྲོ་བ་དང་། འཕེལ་རྒྱས་ཇི་ཙམ་ཕྱིན་ན་སྒོ་མོ་དེ་ཙམ་འབྱེད་ཐུབ། ལམ་བུ་འདིར་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་བློ་རྩ་བརྟན་དུ་འགྲོ་བཞིན་ཡོད། དེང་གི་ཆར་ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་སྡེ་གཞི་ཆེན་པོ་གཉིས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་དང་པོ། དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་དང་པོ་བཅས་སུ་གྱུར་ནས། ཕྱི་ཕྱོགས་མ་འཇོག་འཛམ་གླིང་གི་ཨང་གསུམ་པར་བརྟན་པོ་གནས་པ་དང་། “འཛམ་གླིང་གི་བཟོ་གྲྭ”ནས“གསར་གཏོད་ཀྱི་འབྱུང་ཁུངས”སུ་འགྱུར་བཞིན་ཡོད།
(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་སྒྲོལ་དང་ཕུར་སྒྲོན་གྱིས་ཞུས)