01

ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ——ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ། 2025年12月19日

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་རེད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུཌ་སྣོན་རྒྱག་རྒྱུར་དམིགས་ནས་བླང་བྱ་ཁ་གསལ་བཏོན་ཞིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་ཏེ། སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བསམ་ཕྱོགས་དང་། ལས་འགན། སྲིད་ཇུས་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

ལོ་གཅིག་རིང་། རང་རྒྱལ་གྱི་དཔལ་འབྱོར་གནོན་ཤུགས་ཆེན་པོའི་འོག་མདུན་སྐྱོད་དང་། གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་བས་མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་ཡོད། འདས་ཟིན་པའི་ལོ་ལྔའི་རིང་། ང་ཚོས་རྡབ་རྡེག་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གང་ལེགས་བཅག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་བཅས་ཀྱི་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བ་ལས་བྱུང་བ་ཞིག་རེད། ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་པར། གནས་བབ་ཇི་ཙམ་རྙོག་འཛིང་ཆེ་ན། ཏང་གི་འགོ་ཁྲིད་ལ་དེ་ཙམ་གྱིས་ཤུགས་སྣོན་བརྒྱབ་སྟེ། བློ་རྩ་གཅིག་མཐུན་ཡོང་བ་དང་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་ཀྱི་ཡོད།

ཚོགས་འདུའི་ཐོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“དོན་དངོས་དང་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་དགོས”ཞེས་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་དགོས་པའི་གཞི་རྩའི་བླང་བྱ་འདོན་དོན་ནི། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕྱོགས་གང་སར་ཁྱབ་པའི་བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་གལ་ཆེན་ཞིག་རེད།

ལས་ཀ་གང་བྱས་རུང་ཚང་མ་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ང་ཚོས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འདོན་པ། བྱ་བ་སྒྲུབ་པ་བཅས་ཀྱི་གཞི་འཛིན་ས་དང་དོན་ལ་བབས་ས་ཡིན། ཇི་ལྟར་བྱས་ཏེ“ལས་ཀ་གང་བྱས་རུང་ཚང་མ་དོན་དངོས་ནས་འགོ་འཛུགས་དགོས་པ”དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་སམ་ཞེ་ན། དེའི་འགག་རྩ་ནི་ཡུལ་བབ་དང་བསྟུན་དགོས་པ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡུལ་བབ་དང་བསྟུན་དགོས”ཞེས་ནན་བཤད་ཐེངས་མང་གནང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་སྐབས“‘གསར་པ་གསུམ’ཁོ་ནར་དམིགས་ནས་སྡོད་རྒྱུ་མེད་པ་དང་། འུར་ཟིང་རྒྱག་རྒྱུ་མེད་པ། འུར་ཐེངས་གཅིག་ལ་འགོ་འཛུགས་རྒྱུ་མེད་པ་དང་། འུར་ཐེངས་གཅིག་ལ་འཐོར་རྒྱུ་མེད་པར། ངེས་པར་དུ་ཡུལ་བབ་དང་བསྟུན་ནས་རང་རང་སོ་སོའི་ཁྱད་ཆོས་མངོན་པར་བྱེད་དགོས”ཞེས་བསྟན་གནང་བ། “ཡུལ་བབ་དང་བསྟུན་ནས་ནང་འབྱུང་སྦགས་བཙོག་གཙང་སེལ་དང་སྐྱེ་ཁམས་ཉམས་གསོ་བྱེད་དགོས”ཞེས་དང་། “ནགས་ལས་འཕྲོད་སར་ནགས་ལས་དང་། རྩྭ་འདེབས་འཕྲོད་སར་རྩྭ་འདེབས། བྱེ་བཅོས་ཐུབ་སར་བྱེ་བཅོས། ས་རྒོད་སློག་སར་ས་སློག་བཅས་བྱེད་དགོས”ཞེས་ནན་བཤད་གནང་བ། གྲོང་གསེབ་ཏུ་གསང་སྤྱོད་གསར་བརྗེ་བྱེད་སྐབས“ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་སྣང་ཆེན་བྱེད་དགོས་པ་དང་། གྲངས་འབོར་གྱིས་སྤུས་ཚད་ལ་བསྟུན་པ་དང་མྱུར་ཚད་ཀྱིས་ཕན་འབྲས་ལ་བསྟུན་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་བླང་བྱ་བཏོན་གནང་ཡོད། ཐེངས་འདིའི་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅིས“ཡུལ་བབ་དང་བསྟུན་པའི་ངོ་བོ་ནི་དངོས་ཐོག་བདེན་འཚོལ་བྱེད་པ་དེ་ཡིན”ཞེས་ནན་བཤད་གནང་ཡོད། དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། ཡུལ་བབ་དང་བསྟུན་པའི་བྱ་ཐབས་གལ་ཆེན་འདིར་གོ་བ་གསལ་པོ་ལོན་པ་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས།

ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་རིང་བློ་བརྟན་འགྱུར་མེད་ཐུབ་པ་བྱེད་དགོས། ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་ཇུས་ངེས་པར་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ལག་ལེན་བསྟར་དགོས་པ་ལས། རང་འདོད་ལྟར་སྒྲུབ་པ་དང་རང་གནས་རིང་ལུགས་གཉེར་བའི་སྣང་ཚུལ་གཏན་ནས་ཐོན་མི་རུང་བ་ངོས་འཛིན་གང་ལེགས་ཐུབ་པར་བྱེད་དགོས། དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་ནས་དུས་བབ་གསར་པའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་བར་དང་། སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་འཛིན་ཕྱོགས་ནས“མཐའ་འཁྱོངས་བརྒྱད”ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པའི་བར་བཅས་ལ། སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནི་རིགས་པས་ཁུངས་སྐྱེལ་གང་ལེགས་ཐུབ་པ་དང་ཞིབ་འཇུག་ཡང་ཡང་བྱས་ནས་བཏོན་པ་ཞིག་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་དང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། ལས་ཀའི་བསམ་ཕྱོགས་དང་། ལས་ཀ་བཀོད་སྒྲིག སྲིད་ཇུས་ཀྱི་བྱ་ཐབས་བཅས་གཏན་འཁེལ་བྱེད་སྐབས་རང་རྟོགས་ངང་ཚད་བསྡུར་ཡང་ཡང་བྱེད་པ་དང་དུས་ཐོག་ཏུ་ནོར་འཛོལ་ཡོ་བསྲང་བྱས་ཏེ། ཁ་ཕྱོགས་མི་འཛོལ་བ་དང་། བབ་བསྟུན་མི་བྱེད་པ། བཟོ་ལྟ་མི་ཤོར་བ་བཅས་ཀྱི་འགན་ལེན་བྱེད་དགོས།

ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་སྐབས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་རང་གི་དོན་དངོས་ལ་གཞིགས་ཏེ་གཏན་འབེབས་བྱས་པའི་ཞིབ་ཕྲའི་ཐབས་ཇུས་ལ་སྟབས་བསྟུན་རང་བཞིན་ལྡན་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིས་ཚོགས་འདུའི་ཐོག “ས་ཁུལ་ཁག་གིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་རང་རང་གི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། བྱེད་པོའི་ནུས་པ་ཆེ་རུ་གཏོང་བ་དང་། དགེ་མཚན་ཆེ་རིགས་འདོན་དགོས”ཞེས་བསྟན་གནང་ཡོད།

(པར་ངོས་གཉིས་པར་གཟིགས)