04

བོད་རང་སྐྱོང་ལྗོངས་ཀྱིIPTVལས་སྒོ་གཉེར་འགོ་ཚུགས་པ། གྲངས་འཛིན་གྱི་ལྟ་ཉན་ཐོན་ལས་ལ་མཐུན་རྐྱེན་སྦྱར་ནས་མང་ཚོགས་ཀྱི་རིག་གནས་འཚོ་བར་ཞབས་འདེགས་ཞུ་བ། 2025年11月24日

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི་དང་། ཨའེ་ཧྲང་བརྙན་འཕྲིན་སྨྱན་སྦྱོར(པེ་ཅིང)ཚད་ཡོད་ཀུང་སི། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་IPTVལས་སྒོའི་མཉམ་ལས་གྲོས་མཐུན་དངོས་སུ་བཞག་ཅིང་། ཕྱོགས་གསུམ་པོས་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་བོད་ཀྱི་གྲངས་འཛིན་ལྟ་ཉན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། སྤུས་ལེགས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་རེ་སྒུག་གསར་པ་དེ་བས་ལེགས་པའི་ངང་སྐོང་རྒྱུ་རེད།

IPTV(དྲ་རྒྱའི་གྲོས་མཐུན་བརྙན་འཕྲིན)ནི་ཐོན་གསར་པའི་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་དང་རླུང་འཕྲིན་བརྙན་འཕྲིན་ཁྱབ་ཁོངས་མཉམ་འདྲེས་གཏིང་ཟབ་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་མཉམ་ལས་ཀྱིས་སྤུས་ལེགས་ནང་དོན་གཅིག་སྡུད་དང་། རིག་ནུས་ཞབས་ཞུ་རྒྱ་སྐྱེད། གྲངས་འཛིན་རིག་གནས་སྐྱེད་སྲིང་བཅས་ལ་དམ་པོར་དམིགས་ནས། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིའི་ཁྱབ་རྒྱ་ཆེ་བའི་དྲ་རྒྱ་དང་སྤྱོད་མཁན་གྱི་རྨང་གཞིར་བརྟེན་པ་དང་། ཨའེ་ཧྲང་བརྙན་འཕྲིན་སྨྱན་སྦྱོར་གྱི་རྒྱལ་ཡོངས་རང་བཞིན་གྱི་ནང་དོན་ལས་སྟེགས་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ས་གནས་འདི་གའི་སྒྲིག་བཟོའི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་ལྟ་ཉན་ནང་དོན་མ་ལག་ཧུར་ཐག་བཏོད་པ་དང་སྦྲགས། “བརྙན་འཕྲིན་དང་སྲིད་དོན”ཟུང་འབྲེལ་དང་། “བརྙན་འཕྲིན་དང་སློབ་གསོ”ཟུང་འབྲེལ། “བརྙན་འཕྲིན་དང་རིག་གནས་ཡུལ་སྐོར”ཟུང་འབྲེལ་སོགས་རིག་ལྡན་ཁྱིམ་ཚང་གི་བཀོལ་སྤྱོད་རྣམ་པ་རྒྱ་ཆེར་ཧུར་ཐག་བཏང་ནས“རིག་ལྡན་རླུང་འཕྲིན་བརྙན་འཕྲིན”བསྐྲུན་རྒྱུར་རམ་འདེགས་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། IPTVདང་དྲ་རྒྱའི་བརྙན་འཕྲིན་གྱི་ཁྱད་པར་གཙོ་བོ་ནི་IPTVནི་སྐབས་ཐོག་ཐད་གཏོང་ཡིན་པས་དྲ་རྒྱ་དེ་བས་ཡག་པོ་དགོས་པ་དང་ཆེད་དོན་དྲ་བའི་བཀོད་སྒྲིག་ལ་བརྟེན་དགོས་ཀྱི་ཡོད་ཅིང་། གྲངས་གཞི་ཡོངས་སྒུལ་བདེ་ནས་ཐད་ཀར་སྤྱོད་མཁན་ལ་བརྒྱུད་གཏོང་བྱེད་པ་ལས་ཕྱོགས་གསུམ་པའི་ལས་སྟེགས་བརྒྱུད་དགོས་ཀྱི་མེད། “IPTVཤར་གཏོང་ཐུབ་རྗེས། སྒུལ་བདེའི་དྲ་རྒྱ་སྤྱོད་མཁན་གྱིས་ལས་གཉེར་ཚོམས་ཆེན་དུ་འཕྲིན་ལམ་སྒྱུར་སྒམ་བརྗེས་ན་བརྙན་འཕྲིན་ནས་སྐབས་ཐོག་ཏུ་ཐད་གཏོང་ལྟ་ཐུབ་ཀྱི་ཡོད”ཅེས་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིའི་ལག་རྩལ་པ་ཏུང་ཀྲའུ་ཡིས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་99%ཡན་ལ་ཁྱབ་པའི་འཕྲིན་གཏོང་དྲ་རྒྱ་བསྐྲུན་ནས་IPTVསོགས་གྲངས་འཛིན་ཅན་གྱི་ཞབས་ཞུ་ཁྱབ་གདལ་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

(པ་ཕན་གྱིས་བསྒྱུར། ཚེ་སྒྲོལ་དང་པ་ཕན་གྱིས་ཞུས)