01

སྲིད་ཚོང་དབར་གྱི་འབྲེལ་བ“ཉེ་པོ”དང“གཙང་མ” ཡོང་བ་ཇི་ལྟར་བྱེད་དགོས་སམ། 2025年11月19日

འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ལེ་ཕེང་།

འཛིན་བཟུང་བྱས་པའི་དཔོན་རིགས་མི་ཉུང་བ་ཞིག་གི་བརྡ་ཁྱབ་ཚང་མའི་ནང“ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ལས་གཉེར་སྐྱོང་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱས་ཡོད”ཅེས་འཁོད་ཡོད། དོན་དངོས་ཁྲོད་དཔོན་རིགས་ཁ་ཤས་ཀྱིས་འབྲེལ་བ་གཙང་མ་ཡོད་ཁུལ་གྱིས་དཀའ་ངལ་ཡོད་པ་དང་རེ་བ་ཞུ་མཁན་གྱི་ཁེ་ལས་གཉེར་སྐྱོང་བར་གཡོལ་ཐབས་བྱེད་ཀྱི་ཡོད། དེས་ན་དཔོན་རིགས་དང་ཁེ་ལས་པའི་དབར་གྱི་འབྲེལ་བ་ཇི་ལྟར་བྱས་ནས“ཉེ་པོ”དང“གཙང་མ”ཡོང་བ་བྱེད་དགོས་སམ།

—— མི་དམངས་དྲ་བའི་དྲ་གྲོགས།

དྲ་གྲོགས་འདིའི་གནད་དོན་རྣག་ཐོག་གཙག་འཁེལ་ལྟ་བུ་ཡོད་ཅིང་། དཔོན་རིགས་དང་ཚོང་པ་དང་། སྲིད་གཞུང་དང་ཁེ་ལས་དབར་གྱི་འབྲེལ་བའི་གནད་དོན་ལ་སྔར་ནས་བཟུང་དོ་ཁུར་བྱེད་མཁན་མང་པོ་ཡོད།

ཕྱོགས་གཅིག་ནས། ཉེ་བའི་ལོ་ཤས་རིང་། “སྟག་རྡུང”དང་། “སྦྲང་རྡུང” “ཝ་རྔོན”བཅས་ལ་རྒྱུན་མཐུད་ཤུགས་བརྒྱབ་པས། འཛིན་བཟུང་བྱས་པའི་དཔོན་རིགས་ཁ་ཤས་ཀྱིས་སྲིད་ཚོང་ངན་འབྲེལ་བྱས་པ་ལས་ཐོན་པའི་རུལ་སུངས་ཀྱི་གནད་དོན་མི་རྣམས་ཀྱི་མིག་མདུན་དུ་དམར་རྗེན་དུ་མངོན་ཡོད། “དཔོན་རིགས”འགའ་ཞིག“ཚོང་པའི”ཁེ་ཕན་གྱི་བསླུ་བྲིད་འོག་ཚུད་ནས་མ་རྩ་མེད་པར་རྐང་དངུལ་བླངས་པ་དང་རྔན་པ་བླངས་པ་དང་། “ཚོང་པ”ཁ་ཤས“དཔོན་རིགས”ལ་ངོ་དགའ་སྤྲེལ་ལད་བྱེད་རྒྱུར་དགའ་ཞིང་། རྒྱུ་དངུལ་སྤྲོད་པ་དང་བསླུ་བྲིད་བྱེད་ཀྱི་ཡོད། སྲིད་ཚོང་དབར་གྱི་ཚུལ་མིན་འབྲེལ་བ་དེ་དག་གིས་དཔོན་རིགས་དོ་དམ་ལ་བསླད་སྐྱོན་གཏོང་བ་དང་། སྤྱི་ཚོགས་ཀྱི་དར་སྲོལ་ལ་སྦགས་བཙོག་བཟོས་ཡོད་པ་མ་ཟད། མི་མི་ཉུང་བ་ཞིག་ལ་བག་ཆགས་ཟབ་མོ་ཡང་བཞག་ཡོད།

ཕྱོགས་གཞན་ཞིག་ནས། ལོ་འདི་དག་རིང་། ལྟ་འདོམས་དེ་བས་ནུས་ལྡན་དང་ཕན་ནུས་ལྡན་པ་བྱུང་ཡོད། ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ཁེ་ལས་སུ་གོ་གནས་གཅིག་ལྕོགས་འཁུར་བ(གོ་གནས་འཁུར་བ)ཚད་ལྡན་དུ་བཏང་བ་དང་། འགོ་ཁྲིད་ལས་བྱེད་པའི་གཉེན་ཉེས་ཚོང་གཉེར་དང་ཁེ་ལས་གཉེར་བར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་སོགས་ལས། དབང་བརྟེན་ཁེ་འཚོལ་དང་དཔོན་ཚོང་ངན་འབྲེལ་བྱེད་པའི་སྣང་ཚུལ་རིམ་བཞིན་ཉུང་དུ་ཕྱིན་ཡོད། དེ་དང་ཆབས་ཅིག ཏང་ཡོན་ལས་བྱེད་པ་ལ་ལས“གཙང་མའི”ནང་དོན་ལ་གོ་བ་ལོག་སྒྲུབ་བྱས་ཏེ། “གཙང་མ”ཞེས་པ་ནི་རིང་དུ་དོར་བ་དང་། རྒྱང་ཐག་རིང་དུ་གཏོང་བ་ཡིན་པའི་ངོས་འཛིན་བྱས་ནས། ཁེ་ལས་པ་དང“ཆ་རྒྱུས་མེད་ཁུལ”བྱེད་ཀྱི་ཡོད། དོགས་པ་ལས་གཡོལ་ཆེད་ཐུག་འཕྲད་བྱེད་ཀྱི་མེད་ལ་རྒྱུན་གཏན་གྱི་དོན་དག་ཀྱང་སྒྲུབ་ཀྱི་མེད།

སྲིད་ཚོང་དབར་འབྲེལ་བ་ཉེ་དྲགས་ན་གནད་དོན་ཐོན་པར་སྐྲག་པ་དང་། རིང་དྲགས་ན་དོན་དག་སྒྲུབ་དཀའ་བར་སྐྲག་གི་ཡོད། ཡང་སྙིང་ཇི་ལྟར་བྱེད་དགོས་སམ་ཞེས་མི་ལ་ལས་དྲི་བ་འདི་འདྲ་འདོན་སྲིད།

དང་ཐོག ངོས་འཛིན་གྱི་གོལ་ས་གསལ་པོ་བཟོ་དགོས།

སྲིད་ཚོང་དབར་གྱི་འབྲེལ་བ“ཉེ་པོ་ཡོད་ཀྱང་གཙང་མ་མེད་པ”ཡིན་ཕྱིན། ཁེ་ཕན་གྱི་འབྲེལ་བ་བརྒྱུད་རུལ་སུངས་ཐོན་སླ་བ་དང་། “གཙང་མ་ཡོད་ཀྱང་ཉེ་པོ་མེད་པ”ཡིན་ཕྱིན། འགན་མི་འཁུར་བ་དང་ལས་མི་བྱེད་པའི་གནད་དོན་ཐོན་ཉེན་ཆེ།

ང་ཚོས་ཤེས་དགོས་པ་ནི། “ཉེ་པོ”དང“གཙང་མའི”འབྲེལ་བ་དེ་ནི་ངོ་བོའི་ཐོག་ནས་བརྗོད་ན་ལས་སྒྲུབ་དང་གཞུང་དྲང་སྤྱོད་གཙང་དབར་གྱི་འབྲེལ་བ་དང་། རྩོད་སྒྲུབ་གཅིག་གྱུར་ཡིན་པས། ཡོངས་སུ་འགལ་མེད་མཉམ་གནས་ཡོང་ཐུབ། “ལས་དོན་བསྒྲུབས་ཚེ་གཞུང་དྲང་སྤྱོད་གཙང་མི་ཐུབ་པ་དང་གཞུང་དྲང་སྤྱོད་གཙང་བྱས་ཚེ་ལས་དོན་སྒྲུབ་མི་ཐུབ་པ”ཟེར་བ་ནི་དོན་དངོས་ཐོག་གཞུང་སྒེར་གཉིས་དབྱེ་བ་གསལ་པོ་འབྱེད་མི་ཐུབ་པས་རེད།

དེ་རྗེས་བརྟག་ཐབས་སྨྲ་བའི་སྐོར་བརྗོད་རྒྱུ་ཡིན།

སྤྱི་ཚོགས་ཀྱི་འབྲེལ་བའི་ཁྲོད། ཐོས་མང་བའི་ཐ་སྙད་ཅིག་ཡོད་དེ། “མཐའ་ཚད”ཞེས་པ་དེ་རེད། “མཐའ་ཚད”ཚོད་འཛིན་ཡག་པོ་བྱེད་ཐུབ་མཁན་གྱིས་གཞན་དང་འགྲོགས་སྐབས་མི་གཞན་དག་སོས་དལ་བག་ཕེབས་ཡོང་ཐུབ། དེ་དང་འདྲ་བར། སྲིད་ཚོང་དབར་གྱི་འབྲེལ་བ“ཉེ་པོ”དང“གཙང་མ”ཡོང་བ་བྱེད་དགོས་པ་མ་ཟད། “མཐའ་ཚད”ཚོད་འཛིན་ཡག་པོ་ཐུབ་པར་བྱེད་དགོས།

“མཐའ་ཚད”འདིར“ཕྱི་ནང་གཉིས་ཀྱི་ནུས་པ”ཡག་པོ་སྦྱོང་དགོས།

“ནང་གི་ནུས་པ”ནི་གཞུང་དྲང་གི་སེམས་པ་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན།

སྤྱི་དོན་དབང་ཆ་ཡོད་ཀྱང་སྒེར་ཕན་ཆེད་དུ་མ་སྤྱད་ཚེ། འབྲེལ་བ་བྱེད་སྐབས་རང་ཤུགས་སུ“འདོད་རྔམས་མེད་པར་གཞུང་དྲང”དང་བློ་རྒྱ་ཡངས་པོ་བྱེད་ཐུབ།

རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅི་ལེའོ་ཅུན་པོ་ཡིས་གོ་གནས་འཁུར་རིང་། ཚོང་པ་ཞིག་གིས་ལག་རྟགས་ཁྱེར་ནས་ཁོང་འཚོལ་བར་ཡོང་། ཁོང་གིས་བློ་ཐག་ཆོད་པོས་ལག་རྟགས་ཕར་སློག་ཅིང་། ཁོང་གིས་ཚོང་པ་དེར“གལ་སྲིད་ངས་དེ་བླངས་ན། ངེད་གཉིས་དབར་གྱི་འབྲེལ་བ་དེ་གྲོགས་པོའི་འབྲེལ་བ་མིན་པར་ཁེ་ཕན་གྱི་འབྲེལ་བར་འགྱུར་སྲིད། ཁྱེད་ཀྱིས་དེ་འདྲ་བྱས་ན་ང་ཚོའི་དབར་གྱི་འབྲེལ་བར་མཐོང་ཆུང་བྱས་པ་ཞིག་རེད”ཅེས་ཁ་ཏ་བྱས། ཁོང་གི་བཀའ་མོལ་དེ་ལས“ཉེ”“གཙང”གི་འབྲེལ་བ་གསལ་པོ་ཤེས་ཐུབ།

སྲིད་ཚོང་དབར་གྱི་འབྲེལ་བ་ལྷད་མེད་དང་གཙང་མ་དེ་ལྟར་ཡིན་དགོས་ཏེ། མི་ཡ་རབས་ཅན་དབར་གྱི་འབྲེལ་བ་བཞིན། དྭངས་གཙང་ཆུ་དང་འདྲ་བར་ཁ་གསལ་གཏིང་གསལ་ཡིན་དགོས།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ཨན་ཧུའེ་ཝུའུ་ཧུའུ་ཧྥན་ཁྲང་ཆུས་སུ། ད་བར“སྒོ་རྩར་གཞུང་དོན་སྒྲུབ་པའི་ཚོགས་འདུ”ཐེངས་150ལྷག་ཙམ་འཚོགས་ནས། ཁེ་ལས་དང་སྲིད་གཞུང་དབར་ཐད་ཀར་འབྲེལ་གཏུག་བྱེད་པར་འབྲེལ་ཟམ་བསྐྲུན་ཡོད། ས་གནས་དང་བྱ་ཡུལ་ལ་ཚོད་འཛིན་མེད་པར། ཁེ་ལས་ལ་དགོས་མཁོ་ཡོད་ཚེ། སྲིད་གཞུང་གིས་སྒོ་རྩར་ཞབས་འདེགས་ཞུ་གི་ཡོད། གནད་དོན་ཐག་གཅོད་བྱེད་ཐུབ་རིགས་ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། དཀའ་གནད་དག་བརྒྱུད་རིམ་ཧྲིལ་པོར་སྒྲུབ་སྐུལ་བྱེད་ཀྱི་ཡོད།

དེ་ལས་མཐོང་ཐུབ་པ་ནི། བློ་གཅིག་སེམས་གཅིག་གིས་སྲིད་གཞུང་དང་ཁེ་ལས་ཀྱི་ཆེད་དུ་བྱ་བ་དངོས་བསྒྲུབས་ཚེ། ཆང་རག་མ་བཏུངས་ཀྱང“ཉེ་པོ”ཆགས་ཐུབ་ལ། ལས་སྒྲུབ་བྱས་ཀྱང“གཙང་མ”ཡོང་ཐུབ།

“ཕྱིའི་ནུས་པ”ནི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་ཞིག་རེད།

2024ལོར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་ཟ་དང་ལྐོག་རྔན་སྤྲོད་པའི་ཉེས་པ་གསོག་མཁན་ཁྲི་2.2ལྷག་ཙམ་ཁྲིམས་ལ་སྦྱར་བ་དང་། འགན་དབང་གང་བྱུང་དུ་སྤྱོད་པ་དང་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་སོགས་འགན་འཛོལ་གྱི་ཉེས་པ་གསོག་མཁན་1800ལྷག་ཙམ་ཁྲིམས་ལ་སྦྱར་ཡོད། “ཉེ”“གཙང”དབྱེ་བ་མི་འབྱེད་པ་དང་། དབང་ཆར་བརྟེན་ནས་སྒེར་དོན་གཉེར་བ། ཁེ་ཕན་གྱི་འབྲེལ་བ་སྤྱོད་པ་བཅས་ཀྱི་རུལ་སུངས་དཔོན་རིགས་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་བཅད་དེ། ཁྲིམས་ལྟར་གཞུང་དྲང་སྤྱོད་གཙང་ངང་འགན་འཁྲི་སྒྲུབ་པར་སྐུལ་འདེད་བཏང་ཡོད་པ་རེད།

(པ་ཚེ་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)