01

རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རླུང་གློག་རྣམ་གྲངས་དྲ་སྦྲེལ་གློག་འདོན་ཐུབ་པ། གློག་འདོན་འཕྲུལ་ཆས་བསྒར་སའི་ས་བབ་མཐོ་ཤོས་ལ་སྨི་5370ཟིན་པ། 2025年11月19日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་17ཉིན། ཧྭ་གློག་འཕྱོངས་རྒྱས་རླུང་གློག་རྣམ་གྲངས་དེ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་དྲ་སྦྲེལ་གློག་འདོན་ཐུབ་པ་དང་། གློག་འདོན་འཕྲུལ་ཆས་བསྒར་སའི་ས་བབ་མཐོ་ཤོས་ལ་སྨི་5370ཟིན་ནས་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རླུང་གློག་རྣམ་གྲངས་སུ་གྱུར་ཡོད་པ་རེད། རྣམ་གྲངས་དེའི་སྤྱིའི་གློག་འདོན་ཚད་ཀྲའོ་ཝ་60ཟིན་ཞིང་རླུང་གློག་འཕྲུལ་ཚན་12སྒྲིག་སྦྱོར་བྱས་པ་དང་མཉམ་དུ་དྲ་སྒྲིག་རྣམ་པའི་ནུས་གསོག་མ་ལག་བཙུགས་ཡོད་པ་རེད། སྤྱོད་འགོ་ཚུགས་རྗེས། སྔོན་དཔག་བྱས་ན་ལོ་རེར་སྐྱེལ་འདྲེན་བྱས་པའི་ནུས་རྒྱུ་གཙང་མས་དུད་ཚང་ཁྲི་12ཙམ་གྱི་ལོ་གཅིག་གི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན་པ་རེད།

ས་བབ་མཐོ་ཁུལ་དུ་རླུང་གློག་རྣམ་གྲངས་སྤེལ་དོན་ཅི་ཡིན་ནམ། འདི་གར་རླུང་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཚོད་རྩིས་བརྒྱབ་པར་གཞིགས་ན། བོད་ཀྱི་རླུང་ནུས་ཐོན་ཁུངས་སྐར་ཆ་རེར་སྨི་7ཡན་གྱི་ས་ཁོངས་ཀྱིས་རང་སྐྱོང་ལྗོངས་རྒྱ་ཁྱོན་གྱི་བཅུ་ཆ་གསུམ་ཙམ་བཟུང་ཡོད་པ་དང་དེ་དག་གཙོ་བོར་ས་བབ་སྨི་4800ཡན་གྱི་ས་ཁུལ་དུ་ཡོད་པ་རེད། གཞན་ཡང་། བོད་ཀྱི་གློག་ཁུངས་གྲུབ་ཆ་གཙོ་བོ་ནི་ཆུ་གློག་དང་འོད་གློག་ཡིན་པས་གློག་འདོན་ནུས་ཤུགས་ལ་འཕར་ཆག་ཅུང་ཆེ། དཔེར་ན་ཆུ་གློག་དབྱར་དུས་སུ་ཕུན་སུམ་ཚོགས་ཀྱང་དགུན་ཁར་དཀོན་པ་དང་། འོད་གློག་ཉིན་མོར་ཕུན་སུམ་ཚོགས་ཀྱང་མཚན་མོར་མེད་པས་རླུང་གློག་རྣམ་གྲངས་ཀྱིས་ཁ་གསབ་བྱེད་ཆོག

ས་བབ་མཐོ་ཤོས་ལ་སྨི་5370ཟིན་པའི་མཐོ་སར་རླུང་གློག་འཛུགས་སྐྲུན་བྱེད་སྐབས། གསོ་རླུང་འདུས་ཚད་གཤོངས་སའི་ཁུལ་གྱི་57%ཙམ་ལས་ཟིན་གྱི་མེད་པ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཧྲེ་ཧྲི་ཏུའུ་20ལྷག་ཟིན་པ་སོགས་ཀྱི་འགྲན་སློང་དྲག་པོ་འཕྲད་ཀྱི་ཡོད། རྣམ་གྲངས་ཚོགས་པས་ཨར་འདམ་གྱི་བསྡུར་ཚད་ལེགས་སུ་བཏང་ཐོག“སྲབ་སྐྱི་+སྲིང་བལ་གྱི་ཉལ་ཆས་+ཚོན་ལྡན་འགྱིག་རས”བཅས་ཀྱི་སྐས་རིམ་དྲོད་སྲུང་བཟོ་རྩལ་སྤྱད་པ་དང་། རིག་ནུས་དྲོད་ཚད་ཚོད་འཛིན་བདག་སྐྱོང་མ་ལག་དང་ཟུང་འབྲེལ་བྱས་ནས་དྲོད་ཚད་དམའ་བའི་ཁོར་ཡུག་ཏུ་ཨར་འདམ་གྱི་མཁྲེགས་ཚད་དང་གཏན་པའི་རང་བཞིན་འགན་ལེན་བྱས་ཏེ། མཐོ་གྲང་གསོ་རླུང་དཀོན་པའི་ཆ་རྐྱེན་འོག བོངས་ཚད་ཆེ་བའི་ཨར་འདམ་སྡེབ་གཅིག་ལ་ལུགས་རྒྱག་ཐུབ་པར་བྱས་ནས། གོ་ལ་ཧྲིལ་པོའི་ས་བབ་ཧ་ཅང་མཐོ་བའི་རླུང་གློག་འཛུགས་སྐྲུན་ལ་འདྲ་བཟོ་ཆོག་པའི་ལག་རྩལ་ཉམས་མྱོང་མཁོ་འདོན་བྱས་ཡོད་པ་རེད།

དེ་དང་ཆབས་ཅིག ཨར་ལས་བཟོ་རྩལ་གསར་གཏོད་བྱས་ཏེ་ས་བབ་མཐོ་ཤོས་སྨི་5000ཡན་གྱི་ས་ཁུལ་དུ་འདབ་ལྷེ་རྐྱང་མའི་འདེགས་སྒྲིག་བཟོ་རྩལ་ཐེངས་དང་པོར་སྤྱད་པ་དེ་སྲོལ་རྒྱུན་འདབ་འཁོར་གྱི་འདེགས་སྒྲིག་དང་བསྡུར་ན་ལས་སྒྲུབ་བྱ་ཡུལ་66%ཙམ་གྲོན་ཆུང་ཐུབ་ཡོད་པ་མ་ཟད། ད་དུང་ནུས་ལྡན་གྱི་ལས་སྒྲུབ་རླུང་འགྲོས་སྐར་ཆ་རེར་སྨི་10བར་མཐོ་རུ་ཕྱིན་ཡོད། སྐྱེ་ཁམས་སྲུང་སྐྱོང་ཐད། ནུས་ཆེའི་རྨང་རྫས་སྐྱེ་ཁམས་གཏོར་འདེབས་ལག་རྩལ་སྤྱད་དེ་སྔོ་ཁེབས་ཉམས་གསོ་བྱས་ཡོད་པ་རེད། ས་ཞིང་བོགས་གཏོང་དང་། ཨར་ལས་ལ་ཞུགས་པ། རྩལ་ནུས་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད། རྣམ་གྲངས་དེས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་360ལྷག་ཙམ་ཡོང་བར་ཐད་ཀར་སྐུལ་ཁྲིད་ཐུབ་པ་དང་སྦྲགས། ས་གནས་ཀྱི་ཐོན་ལས་ལ་འབབ་འཕར་སྒོར་ཁྲི་1100ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)