འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲོན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་གིས་སྔ་ཕྱི་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་མི་རིགས་ལས་དོན་གྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་མ་དངུལ་སྒོར་ཁྲི་40ལྷག་ཙམ་བཏང་སྟེ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”སེམས་དྲོད་ཞབས་ཞུའི་ས་ཚིགས་བཙུགས་པས། ཡུལ་སྐོར་བར་ཞག་སྡོད་མགྲོན་ཁང་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་དམངས་འཚོའི་དགོས་མཁོ་ཏན་ཏིག་སྐོང་བར་ཞབས་འདེགས་གང་ལེགས་ཞུས་ཡོད་པ་རེད།
ཡུལ་སྐོར་བ་མང་དུ་འགྲོ་བ་དང་བསྟུན་ནས་ཡུལ་སྐོར་བྱེད་མང་བའི་དུས་སུ་མགྲོན་ཁང་མི་འདང་བའི་རྐྱེན་གྱིས་ཡུལ་སྐོར་བ་དང་མང་ཚོགས་ལ་འཕྲད་པའི་ཞག་སྡོད་དཀའ་བའི་གནད་དོན་མངོན་གསལ་དོད་པའི་སྒང་ལ་ས་མཐོའི་ཁོར་ཡུག་གཞན་དང་མི་འདྲ་བས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་དེ་དང་བསྟུན་ནས་ཆེ་རུ་ཕྱིན་ཡོད། དེར་བརྟེན“སེམས་དྲོད་ཞབས་ཞུའི་ས་ཚིགས”ཀྱིས་མི་རིགས་ཁག་གི་མང་ཚོགས་དང་ཡུལ་སྐོར་བའི་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོར་དམིགས་ནས། ཕྱོགས་ཡོངས་ཀྱི་འཚོ་བའི་འགན་སྲུང་མ་ལག་བསྐྲུན་པ་སྟེ། རིན་མེད་ཀྱི“ཁྱིམ”དང་བདེ་འཇགས་ཀྱི་སྒར་ས་ཁུལ་མཁོ་འདོན་བྱས་ནས་ངལ་གསོའི་བདེ་འཇགས་འགན་ལེན་བྱས་ཡོད། བྱེད་ནུས་ཆ་ཚང་བའི་ཐབ་ཚང་དང་། ཆུ་ཚོད་24ཡི་ཁྲུས་ཁང་། དེ་བཞིན་གསང་སྤྱོད་དང་གློག་གསོག་ཁང་སོགས་སྒོ་ཕྱེ་ནས་རྒྱུན་གཏན་གྱི་དགོས་མཁོ་བསྐངས་ཡོད། རིན་མེད་ཀྱི་བཟའ་བཅའ་དང་ཕྱིར་སྐྱོད་ཉེར་མཁོའི་ཅ་ལག་སོགས་ཀྱི་ཆེད་སྒམ་བཟོས་ནས་འཕྲལ་སྡོམ་དངོས་ཟོག་མཁོ་འདོན་བྱས་ཏེ་ལམ་བར་གྱི་དཀའ་ངལ་སེལ་རོགས་བྱས་ཡོད་ལ་སེམས་རྩ་འཁོལ་བའི་ཞབས་ཞུར་བརྟེན་ནས་ལམ་བར་གྱི་དྲོ་ཁྱིམ་བསྐྲུན་པས་མི་རིགས་ཁག་གི་ཡུལ་སྐོར་བའི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།
དེ་དང་དུས་མཚུངས། “སེ་འབྲུའི་རྡོག་ལྟར་ཁྱིམ་ཚང་གཅིག་བཞིན་བརྩེ་བའི་རོགས་སྐྱོབ་ཞབས་ཞུ་རུ་ཁག”དང“སེམས་དྲོད་ཞབས་ཞུའི་ས་ཚིགས”ལ་བརྟེན་ནས་འཕྲལ་མར་རོགས་སྐྱོབ་བྱེད་པའི་ལམ་སྲོལ་བཙུགས་ཏེ། ནུས་ཤུཌ་ཡོད་རྒུས་ས་མཐོའི་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་བཅག་ཡོད། འཁོར་རིགས་ལམ་བར་དུ་ལུས་པ་དང་ཉེན་ཁ་འཕྲད་པ་སོགས་ཀྱི་གནས་ཚུལ་ཐོན་ཚེ་ཞབས་ཞུའི་རུ་ཁག་གིས་འཕྲལ་དུ་ཉེན་རྟོག་པ་མངགས་ནས་ས་གནས་ས་ཐོག་ཏུ་རོགས་སྐྱོབ་བྱེད་པར་བསྐྱོད་ཡོད། ཡུལ་སྐོར་བར་གློ་བུར་དུ་ལ་དུག་ཕོག་ནས་མགོ་ཡུ་འཁོར་ཏེ་བརྒྱལ་བ་སོགས་ཛ་དྲག་གི་གནས་ཚུལ་ལ་དམིགས་ནས་ཆེད་ལས་སྟོབས་ཤུགས་མགྱོགས་མྱུར་སྒྲིག་འཛུགས་ཀྱིས་རོགས་སྐྱོབ་བྱས་ཡོད། འཕྲལ་སྡོམ་ཞབས་ཞུ་ཆེད་དོན་སྐར་ཁུང་བཙུགས་ཏེ་ལག་ཁྱེར་དང་ཅ་དངོས་བོར་བ་སོགས་ཀྱི་གནས་ཚུལ་ཐོན་པའི་ཡུལ་སྐོར་བར་གནས་སྐབས་ཀྱི་ཐོབ་ཐང་ལག་ཁྱེར་གཉེར་བ་དང་ཉེན་རྟོག་པར་ཞུ་རོགས་སོགས་ཀྱི“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུས་པ་དང་། ལས་ཕྱོད་ཆེ་བའི་ཞབས་འདེགས་དང་སེམས་རྩ་འཁོལ་བའི་བྱ་ཐབས་ལ་བརྟེན་ནས་ཡུལ་སྐོར་བར་དཀའ་གནད་སེལ་རོགས་བྱས་ཏེ་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་ས་མཐོར་བདེ་འཇགས་ངང་ཡུལ་སྐོར་ཐུབ་པའི་འགན་སྲུང་བྱས་ཡོད་པ་རེད།
“སེམས་དྲོད་ཞབས་ཞུའི་ས་ཚིཌ”འཁོར་སྐྱོད་བྱེད་འགོ་ཚུགས་ཚུན། རིམ་རྩིས་བརྒྱབ་ན། མི་རིགས་ཁག་གི་མང་ཚོགས་དང་ཡུལ་སྐོར་བ་1000ལྷག་ཙམ་ལ་ཞབས་འདེགས་ཞུས་ནས་མགྲོན་ཁང་དཀོན་པའི་གནད་དོན་ཐག་གཅོད་གནད་སྨིན་བྱས་ཡོད། ས་ཚིགས་ཀྱི་ཞབས་ཞུ་སྤུས་ལེགས་ལ་མི་རིགས་ཁག་གི་ཡུལ་སྐོར་བའི་ཁས་ལེན་རྒྱ་ཁྱབ་ཐོབ་ནས། གོས་དར་8རག་པ་དང་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་40ལྷག་ཙམ་འབྱོར་ཡོད། ཡུལ་སྐོར་བ་ཚོས་བརྙན་ལམ་དང་པར་རིས། དེ་བཞིན་ཡི་གེ་ལ་སོགས་བརྒྱུད་ནས་མྱོང་ཚོར་མཉམ་སྤྱོད་བྱས་པས། དྲ་ཐོག་དང་དྲ་ཕྱི་གཉིས་ཀ་ནས་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད། (ཕུན་ཚོགས་ཉི་སྒྲོན་གྱིས་བསྒྱུར། པ་ཚེས་ཞུས)