02

རྒྱལ་ཡོངས་སྲིད་གྲོས་གཞུང་དོན་ཐིང་དང་། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་དོན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་གཞུང་དོན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་དོན་ཁང་། ཀྲུང་གོ་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་འཚོགས་པ། 2025年09月30日

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། རྒྱལ་ཡོངས་སྲིད་གྲོས་གཞུང་དོན་ཐིང་དང་། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་དོན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་གཞུང་དོན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་དོན་ཁང་། ཀྲུང་གོ་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོར་མཉམ་འབྲེལ་ཐོག་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་འཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་76འཁོར་བར་རྟེན་འབྲེལ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་ཤིས་ཚིག་གསུངས་པ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་ཀྱིས་ཆེས་རྒྱ་ཆེ་ཤོས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།

ཝང་ཧུའུ་ཉིང་གིས་གསུངས་དོན། ལོ་ངོ་76རིང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་འགྲོ་བ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་བར་བྱེད་པའི་ངོ་མཚར་ཆེན་པོ་གཉིས་བཏོད་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བདེ་བླག་ངང་བཏོད་ཡོད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་འཐབ་རྩོད་རླབས་པོ་ཆེ་དང་། ལས་གྲྭ་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་སྤྱི་འདོམས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ནས་འཛམ་གླིང་ལ་དབྱར་མཚོ་རྒྱས་པ་བཞིན་གྱི་རྒྱལ་ཁབ་ཆེན་པོའི་དར་རྒྱས་ཆེ་བའི་དུས་རབས་ཀྱི་རྣམ་པ་མངོན་ཡོད།

ཝང་ཧུའུ་ཉིང་གིས་གསུངས་དོན། འཚོག་ཉེར་ཡོད་པའི་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་འགོར་ཞིབ་འཇུག་བྱ་རྒྱུ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱུང་ནས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་སྟོབས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་རེད། ང་ཚོས་མུ་མཐུད་ཕྱོགས་ཡོངས་ཡང་དག་དང་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལག་བསྟར་བྱེད་པ་དང“རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དང“རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི”རྩ་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱལ་གཅེས་དང་། ཀང་གཅེས། ཨའོ་གཅེས་བཅས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་སུ་སྔར་བས་ལེགས་པའི་མཉམ་འདྲེས་བཅས་བྱས་ཏེ། ཤང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་དུས་རབས་གསར་པའི་ཏང་གིས་ཐའེ་དབན་གནད་དོན་ཐག་གཅོད་བྱེད་པའི་སྤྱི་ཡོངས་ཀྱི་ཐབས་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱས་ཏེ། ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོང་བརྟན་པོ་བཅས་བྱས་ཏེ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཕྱིར་སྡོད་རང་མིའི་ལས་དོན་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་དང་ཕྱིར་སྡོད་རང་མིའི་སེམས་ནུས་དང་། སྟོབས་ཤུགས། བློ་གྲོས་བཅས་གཅིག་སྡུད་རྒྱ་ཁྱབ་བྱས་ཏེ། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཆེའི་ཕྱིར་སྡོད་རང་མིའི་སྤུན་ཟླ་དང་ཕྱིར་ལོག་རང་མི་དང་ཁོང་ཚོའི་ཁྱིམ་མིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་པར་རྒྱབ་སྐྱོར་བྱེད་དགོས།