02

ཞབས་ཞུའི་ཚོང་དོན་ཚོང་འདུས་ལས་ཞབས་ཞུའི་ཚོང་དོན་གྱི་བར་མཐོངས་གསར་པ་རྒྱ་ཆེར་ཕྱིན་པ། 2025年09月16日

འདི་ག་ཚགས་པར་གྱི་གསར་འགོད་པ། ལུའོ་ཧྲན་ཧྲན། ཝང་ཀྲོའུ། ཝུའུ་ཁའེ།

པེ་ཅིང་ཧྲོའུ་ཀང་གླིང་དུ་ཁྱད་ལྡན་བཟོ་ལས་ཀྱི་རྗེས་ཤུལ་དང་རྒྱལ་སྤྱིའི་དེང་རབས་འགྲེམས་ཚོགས་མཉམ་འདྲེས་གཏིང་ཟབ་བྱས་ནས་2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཐོག་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སླར་ཡང་བསྣན་ཡོད།

ཞབས་ཞུའི་ཚོང་དོན་ཚོང་འདུས་གཉེར་བ་དེ་ཐོག་ནས་ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ཡོད། ཀྲུང་གོས་ཞབས་ཞུའི་ཚོང་དོན་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་བརྟན་པོ་བཏང་བ་དང་། ཞབས་ཞུའི་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ནས། རང་ངོས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་ལ། གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་ལ་འཕར་སྣོན་གྱི་བར་མཐོངས་ཀྱང་རྒྱ་སྐྱེད་བཏང་ཡོད།

གྲངས་རིག་གིས་སྣེ་ཁྲིད་བྱས་པས་ལག་རྩལ་གསར་པ་དང་ཞབས་ཞུ་གསར་པ་གཅིག་སྡུད་ཐོག་མངོན་པ།

སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་བརྗོད་དོན་གཙོ་བོ་ནི“གྲངས་རིག་གིས་སྣེ་ཁྲིད་བྱེད། ཞབས་ཞུའི་ཚོང་དོན་གྱི་རྣམ་པ་གསར་པ་མངོན”ཞེས་པ་དེ་ཡིན་ཞིང་། གྲངས་འཛིན་ཅན་དང་། དྲ་མིག་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཐོག་མི་ཐབས་རིག་ནུས(AI)དང་གཞི་གྲངས་ཆེན་པོ་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་མང་པོ་འགྲེམས་སྟོན་བྱས་ཡོད།

ཚོང་འདུས་ཐོག་པེ་ཅིང་མཁའ་འགྲུལ་གསར་གཏོད་ཚན་རྩལ་ཚད་ཡོད་ཀུང་སིས་འགྲེམས་སྟོན་བྱས་པའི་FWH-3000རྟགས་ཅན་གྱི་ལྗིད་ཐེག་མི་མེད་ཐད་འཕུར་གནམ་གྲུའི་ཐོན་རྫས་ལ་ལྗིད་ཐེག་དང་རྒྱུན་མཐུད་འཕུར་སྐྱོད་ནུས་པ་ལྡན་པས། ས་མཐོ་དང་། ནགས་ཚལ། བྱེ་ཐང་སོགས་ས་ཁོངས་སུ་ཟོག་འགྲེམས་སྐྱེལ་འདྲེན་དང་། སྨན་བཅོས་རོགས་སྐྱོབ། ནགས་ཚལ་མེ་གསོད་སོགས་ཀྱི་ལས་འགན་སྒྲུབ་པར་སྤྱོད་ཆོག་པ་དང་། ཨེ་ཤེ་ཡ་ཤར་ལྷོ་དང་། དབུས་ཤར་ས་ཁུལ། ཨ་ཧྥེ་རི་ཁ་སོགས་ས་ཁུལ་དུ་ཕྱིར་ཚོང་བྱེད་ཀྱི་ཡོད།

ཀྲུང་གོ་འཛུགས་སྐྲུན་ལས་གྲྭ་ཅུས་གཉིས་པས་གཙོ་གནད་ཐོག་འགྲེམས་སྟོན་བྱས་པའི“ཧྭ་ལུང་རྟགས་ཅན་དང་པོའི”རབས་གསུམ་པའི་ཉིང་གློག་འཛུགས་སྐྲུན་ལག་རྩལ་དང་། བར་ཐག་ཆེ་བའི་ལྕགས་རིགས་ཁང་པའི་ཐོག་ངོས་མ་ལག་གི་འགག་རྩའི་ལག་རྩལ་སོགས་གསར་གཏོད་འབྲས་བུ་ཧྲན་ཏུང་ཧྲི་ཏའོ་མཚོ་ཁུག་ཉིང་རྡུལ་གློག་ཁང་དང་ཀོང་ཀྲོའུ་པའེ་ཡུན་རྒྱལ་སྤྱིའི་གནམ་ཐང་གི་དུས་ཐེངས་གསུམ་པ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཐད་བེད་སྤྱོད་བྱས་ཡོད།

མིག་སྔར། ཀྲུང་ཀྲི་ཚོགས་པར་ཁེ་ལས་ཕྱིར་བསྐྱོད་པའི་བརྒྱུད་རིམ་ཡོངས་ལ་མཁོ་བའི་མི་ཤུགས་ཐོན་ཁུངས་ཀྱི་ཆེད་ལས་ཞབས་འདེགས་ཞུ་སྟངས་ཤིག་ཆགས་ཡོད། ཚོགས་པའི་ཏུང་ཧྲི་ཀྲང་པུའུ་ཡུས་ལུང་གིས་ཞབས་ཞུའི་ཚོང་དོན་ཚོང་འདུས་ལས་སྟེགས་སུ་བྱས་ནས་མི་ཤུགས་མ་རྩའི་འཁོར་ཡུན་ཧྲིལ་པོར་AIལག་རྩལ་བེད་སྤྱོད་གཏིང་ཟབ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

AIལ་བརྟེན་ནས་འགྲུལ་སྐྱོད་བསྐྱར་སྒྲིག་བྱས་ན། གང་དུ་ཡུལ་སྐོར་ལ་ཕྱིན་རུང་AIའགྲུལ་ལམ་འཆར་འགོད་ལས་རོགས་མངོན་གྱི་ཡོད། “པར་བརྒྱབ་ནས་གཱ་ཐོ་འགོད་པ”དང“ཕ་མ་དང་ཕྲུ་གུ་མཉམ་དུ་ཡུལ་སྐོར་ལ་སྐྱོད་པ”སོགས་ཀྱི་མཆན་རྟགས་འདེམས་དགོས་ཚེ། AIའགྲུལ་ལམ་འཆར་འགོད་ལས་རོགས་ཀྱིས་འགྲུལ་ལམ་གཏན་འཁེལ་བྱེད་སྲིད། ཁེ་ལས་ཀྱི་ཙུང་ཚའེ་གཞོན་པ་རེན་ཧྥན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གང་དུ་ཡུལ་སྐོར་ལ་འགྲོ་བའི་AIབཀོལ་སྤྱོད་རྣམ་པའི་གྲས་སུ་ཡུལ་སྐོར་ལམ་ཐིག་འཆར་འགོད་དང་། གནམ་གྲུའི་སྤ་སེ་མ་འཚོང་གོང་གི་རོགས་རམ། རིག་ནུས་ཀྱི་སྐུ་མགྲོན་ལ་ཞབས་ཞུ་སོགས་ཚུད་ཡོད།

སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བས་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ།

འདི་ལོའི་ཟླ་བ་དང་པོ་ནས་བདུན་པ་བར། རྒྱལ་ཁོངས་སུ་ཡོང་བར་ཐོངས་མཆན་འགོད་མི་དགོས་པ་དང་གཏོང་སྤྲོད་སྟབས་བདེ་སོགས་སྒོ་དབྱེའི་སྲིད་ཇུས་ལ་བརྟེན་ནས་རང་རྒྱལ་གྱི་ཡུལ་སྐོར་ཞབས་ཞུའི་ཕྱིར་གཏོང་62.9%འཕར་བ་དེ་ནི་ཞབས་ཞུའི་ཕྱིར་གཏོང་འཕར་ཚད་མགྱོགས་ཤོས་ཀྱི་ཁྱབ་ཁོངས་ཤིག་རེད།

ཀྲུང་གོ་དངུལ་ཁང་གིས་ཞབས་ཞུའི་ཚོང་དོན་ཚོང་འདུས་ཚོགས་ཡུལ་དུ་མངའ་ཁོངས་ནས་ཁ་བྲལ་སྐབས་ཁྲལ་སློག་པའི“འཕྲལ་ཉོ་འཕྲལ་སློག”ཡུལ་གཞན་དུ་ཕན་ཚུན་ཁས་ལེན་བྱེད་པའི་ཡོངས་བསྒྲགས་བྱེད་སྒོ་སྤེལ་བ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) མངའ་ཁོངས་ནས་ཁ་བྲལ་སྐབས་ཁྲལ་སློག་ལས་སྒོ་ཚབ་གཉེར་བྱེད་སའི་ས་ཁོངས་ནང་སྔོན་ལ་ཚོད་ལྟ་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཏེ། ཕྱི་རྒྱལ་གྱི་ཡུལ་སྐོར་བས་འཕྲལ་ཉོ་འཕྲལ་སློག་ལས་སྒོ་གཉེར་རྗེས་འགག་སྒོ་གཞན་ནས་རྒྱལ་མཚམས་སྒྲོལ་བར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། མངའ་ཁོངས་ནས་ཁ་བྲལ་སྐབས་ཁྲལ་སློག་པའི་སྤྱི་ཡོངས་ཀྱི་ཞབས་ཞུའི་མ་ལག“དཔྱ་ཁྲལ་སླེབས་སླ་བའི”ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དངུལ་ཁང་གིས་ཁྲལ་སློག་ཚོང་དུད་རྒྱ་སྐྱེད་གཏོང་བ་དང་། ཁྲལ་སློག་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། ཁྲལ་སློག་མི་སྣར་ཞབས་འདེགས་ཞུ་བ་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་སྟེ་སྤུས་རྟགས་ཤེས་རྟོགས་བྱེད་ཚད་མུ་མཐུད་མཐོ་རུ་བཏང་ཡོད།

ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་དངུལ་རྩའི་ཆེད་དོན་ཐོག་ཐེང་ཤུན་ཀུང་སིས་ཕྱི་རྒྱལ་ནས་ཀྲུང་གོར་ཡོང་མཁན་ལ་སྟབས་བདེ་སྐྲུན་པའི་འཕྲིན་ཕྲན་དངུལ་སྤྲོད་ཀྱི“ཕྱི་རྒྱལ་གྱི་གཱ་ནང་ཁུལ་དུ་མགོ་སྦྲེལ”དང“ཕྱི་དངུལ་ནང་ཁུལ་དུ་སྤྱོད་པ”སོགས་རྒྱལ་མཚམས་ལས་སྒྲོལ་བའི་ཞབས་ཞུ་སྟོན་པ་རེད། ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འཕྲིན་ཕྲན་ཐོག་ཕྱི་རྒྱལ་ནས་ཀྲུང་གོར་ཡོང་མཁན་གྱི་དངུལ་སྤྲོད་ཞབས་ཞུ་ལེགས་སུ་བཏང་བ་དང་། མ་ལེ་ཞི་ཡ་དང་། སིང་ཀ་ཕོར། ཧན་གོ་སོགས་རྒྱལ་ཁབ་ཀྱི་སྤྱོད་མཁན་གྱིས་ཐད་ཀར་ཕྱི་རྒྱལ་གྱི་གློག་རྡུལ་དངུལ་ཁུག་སྤྱད་དེ་ས་ཁོངས་ནང་ཨང་རྟགས་བཤེར་ནས་འཛད་སྤྱོད་བྱེད་ཆོག་ཅེས་བརྗོད།

རྒྱལ་མཚམས་སྒྲོལ་བའི་མཁོ་སྤྲོད་འཁོར་འབྲེལ་ཞབས་ཞུར་བརྟེན་ནས་ནང་འདྲེན་རྒྱ་ཆེར་གཏོང་རྒྱུར་རོགས་རམ་བྱ་ཆེད། ཅིང་ཏུང་གོ་ལ་ཧྲིལ་པོའི་ཉོ་སྒྲུབ་ཀྱིས་ཞབས་ཞུའི་ཚོང་དོན་ཚོང་འདུས་ཐོག“སྤུས་རྟགས་སྟོང་གི་བྲིན་ཚད་སྒོར་དུང་ཕྱུར་བརྒྱ་ཁ་སྣོན་བྱེད་པའི་འཆར་གཞི”འཁྱེར་ནས་འགྲེམས་སྟོན་བྱས་པ་དེའི་དམིགས་ཡུལ་ནི་ལོ་གསུམ་ནང་ཕྱི་རྒྱལ་གྱི་སྤུས་རྟགས་གསར་པ་1000ནང་འདྲེན་བྱས་ནས་ཁྱད་པར་ཅན་གྱི་རོགས་སྐྱོར་ཐབས་ཇུས་བརྒྱུད་ཕྱི་རྒྱལ་གྱི་སྤུས་རྟགས་ལ་བཅའ་སྡོད་དང་ཚོང་གཉེར་ནས་གན་རྒྱ་ལག་བསྟར་བྱེད་པའི་བར་གྱི་སྦྲེལ་ལམ་ཡོངས་ཀྱི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱ་རྒྱུ་དེ་རེད།

གཉིས་ཁེ་གཉིས་ཕན་དང་གཉིས་ཕན་མཉམ་ལས་ཀྱིས་ཐུན་མོང་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ།

ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་འགྲེམས་ཁང་དང་པོའི་ནང་། ཕའོ་ཕའོ་མཱ་ཐེ་ཡིས་མངར་ཟས་ཁང་འཆར་སྣང་དུ་བྱས་ནས་IPམངར་ཟས་རྒྱན་སྤྲས་ཁྲོད་མཉམ་འདྲེས་བྱས་པས་ལྟད་མོ་བ་མང་པོ་ཞིག་དེ་གར་འདུས་ནས་པར་རྒྱག་རྒྱུའི་ཡིད་དབང་བཀུག་ཡོད། ད་ལོའི་ལོ་སྟོད་དུ་ཕའོ་ཕའོ་མཱ་ཐེའི་ཁོངས་གཏོགས་ཀྱི་IP ཁག་5ཡི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་10ལྷག་ཙམ་ཟིན་པ་དང་། IPཁག་13ཡི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་གཅིག་ལྷག་ཙམ་ཟིན་ནས། IPམང་པོ་ཞིག་གོ་ལ་ཧྲིལ་པོའི་རིག་གནས་མཚོན་རྟགས་སུ་གྱུར་ཡོད།

རླབས་རྩེད་IPདར་རྒྱས་བྱུང་བ་དེས་སྤེལ་རེས་དང་མཉམ་འདྲེས་ལ་གོ་སྐབས་ཧ་ཅང་ཆེན་པོ་བསྐྲུན་པ་ར་སྤྲོད་བྱས་ཡོད། ཞབས་ཞུའི་ཚོང་དོན་ཚོང་འདུས་ཐོག་རྒྱལ་ཁབ་54དང་རྒྱལ་སྤྱིའི་རྩ་འཛུགས་ཁག་21གིས་འགྲེམས་ཁང་བཙུགས་ནས་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་བཏོད་ཡོད།

ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་གཙོ་མགྲོན་རྒྱལ་ཁབ་ཡིན་པའི་ཨོ་སི་ཁྲུ་ལི་ཡས་ཁེ་ལས་དང་སྒྲིག་གཞི་60ཙམ་ཁྲིད་ནས་ཚོང་འདུས་ལ་ཞུགས་ཡོད། བརྙན་ཤེལ་གྱི་མདུན་དུ་ལངས་ནས་ལག་ཏུ་རེག་འཛིན་སྨྱུ་གུ་བཟུང་ཚེ། བར་ཆོད་ནས་འཕྲུལ་ཆས་ཆེ་གྲས་ཤིག་གི་ལྷུ་ལག་བཅུ་ཕྲག་ཁ་ཤས་བཤིག་ཐུབ་ཀྱི་ཡོད། དེ་ནི་ཨོ་སི་ཁྲུ་ལི་ཡའི་xSpaceཀུང་སིའི་གཅེར་མིག་3Dཡི་སྤེལ་རེས་རྣམ་པའི་ཐོན་རྫས་ཤིག་རེད། “ཐོན་རྫས་དེ་ད་ཆ་ཁྲོམ་རར་དངོས་སུ་བཏོན་མེད་མོད། འོན་ཀྱང་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་ལས་སྟེགས་ཆེན་པོའི་ཐོག་འགྲེམས་སྟོན་བྱ་ཆེད། ང་ཚོས་དེ་ཆེད་མངགས་འགྲེམས་སྟོན་བྱ་ཡུལ་དུ་བཏོན་པ་ཡིན”ཞེས་ཀུང་སིའི་མཉམ་འབྲེལ་གསར་གཏོད་པ་ཡན་ཡེ་ཡིས་བརྗོད་ཅིང་། དེ་སྨན་བཅོས་དང་། གསོ་སྦྱོང་། སློབ་གསོ་སོགས་རིགས་མང་པོར་སྤྱོད་ཆོག་ཅེས་ངོ་སྤྲོད་བྱས་པ་རེད།

(ཉི་དོན་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)