འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བདུན་པ་བར། གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་13.2བྱུང་བ་དེ་དུས་མཚུངས་ལས་4.1%འཕར་ཡོད། ཡང་བའི་བཟོ་ལས་ཁྲོམ་རའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་། ལས་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་བརྟན་པོ་ཡོད་པ་བཅས་རེད།
ཐོན་སྐྱེད་སྤྱི་ཡོངས་ནས་བརྟན་པོ་བྱུང་ཞིང་། ཟླ་བ་དང་པོ་ནས་བདུན་པ་བར། གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.7%འཕར་ཡོད། དེ་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལས་ཕན་པ་ཐོབ་པ་དང་ཟླ་བ་བདུན་པར་གློག་སྒུལ་སྦག་སྦག་ཐོན་སྐྱེད་བྱེད་ཚད་45.3%འཕར་ཡོད་པ་རེད།
ཁྲོམ་ར་བརྟན་པོའི་ངང་ཆེ་རུ་སོང་ཞིང་། ཟླ་བ་དང་པོ་ནས་བདུན་པ་བར། ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་རིགས་11གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་49454ཟིན་པ་དེ་དུས་མཚུངས་ལས་11.4%འཕར་ཡོད། ཚོང་ཟོག་ཁག་གཅིག་གི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་དང་ཁྱིམ་སྤྱོད་གློག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་4.8%འཕར་ནས་ཁེ་སྤོགས་2.3%འཕར་ཡོད།
ཕྱིར་གཏོང་གི་མཉེན་ཆ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་བ་དང་པོ་ནས་བདུན་པ་བར། ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་ཕྱིར་གཏོང་འཕར་ཚད་དེ་ཟླ་བ་དང་པོ་ནས་དྲུག་པ་བར་ལས་བརྒྱ་ཆའི་གྲངས་0.2འཕར་ཡོད། དེའི་ནང་ཡང་བའི་བཟོ་ལས་ཀྱི་འཕྲུལ་ཆས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་17.1%འཕར་བ་དང་ཁྱིམ་སྤྱོད་གློག་ཆས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་4.2%འཕར་ཡོད།