01

2025ལོའི་འཛམ་གླིང་རིག་ནུས་ཐོན་ལས་འགྲེམས་ཚོགས་འགོ་ཚུགས་པ། 2025年09月08日

འདི་ག་ཚགས་པར་ཁང་དུ་ཁྲུང་ཆིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2025ལོའི་འཛམ་གླིང་རིག་ནུས་ཐོན་ལས་འགྲེམས་ཚོགས་ཁྲུང་ཆིང་དུ་འགོ་ཚུགས་ཤིང་། སྐབས་འདིའི་འགྲེམས་ཚོགས་ཐོག“མི་ཐབས་རིག་ནུས་+”དང“རིག་ནུས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར”བརྗོད་དོན་གཙོ་བོར་བྱས་ནས། རིག་ནུས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་དང་། གྲངས་འཛིན་གྲོང་ཁྱེར། རིག་ནུས་འཕྲུལ་མི། རིག་ནུས་ཁྱིམ་སྡོད། དམའ་དབྱིངས་དཔལ་འབྱོར་བཅས་ཆེད་ལས་ཁྱབ་ཁོངས་ཆེན་པོ་ཁག་ལྔ་བཀོད་སྒྲིག་བྱས་ཡོད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་600ལྷག་ཙམ་གྱིས་གསར་གཏོད་ཐོན་རྫས་3000ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲེམས་ཚོགས་ཐོག“འཁོར་འབྲེལ་བཞི”མཉམ་འདྲེས་ཐོན་ལས་སྦྲེལ་མཐུད་བྱེད་སྒོ་མང་པོ་སྤེལ་ནས། ནུས་ཆེ་ཐོན་མཁོའི་སྦྲེལ་མཐུད་ལས་སྟེགས་བསྐྲུན་རྒྱུ་ཡིན་པ་རེད། མི་ཐབས་རིག་ནུས་མཐའ་སྣེ་དང་། གྲངས་འཛིན་ཅན་ཕྱོགས་སྒྱུར། རྐང་དབང་མ་དངུལ་བསྡུ་རུབ་བཅས་ཆེད་དོན་སྦྲེལ་མཐུད་བྱེད་སྒོ་གསུམ་སྤེལ་བ་བརྒྱུད། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ཚབ་མཚོན་ཁེ་ལས་80ལྷག་ཙམ་གཅིག་སྡུད་བྱས་ནས་མ་དངུལ་བསྡུ་གཏོང་སྒྲིག་གཞི་40ལྷག་ཙམ་དང་མཉམ་འགུལ་བྱས་ཏེ། ས་གནས་ས་ཐོག་ཏུ་སྤྲོད་མཁོ་སྦྲེལ་མཐུད་གྱི་སྤེལ་རེས་བྱས་པ་དང་། ཐེན་ཅིན་དང་མཉམ་འགུལ་གྱིས་མི་ཐབས་རིག་ནུས་ལ་བརྟེན་ནས་སྐྱེ་དངོས་སྨན་རྫས་ཐོན་ལས་ལ་མཐུན་རྐྱེན་སྦྱོར་བའི་ཆེད་དོན་སྦྲེལ་མཐུད་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ·ཁྲེང་ཏུའུ་དང་ཁྲུང་ཆིང་བཅས་ས་ཁུལ་གྱི་རིག་ནུས་བཟོ་སྐྲུན་སྒྲིག་ཆས་ཀྱི་མཁོ་སྤྲོད་སྦྲེལ་མཐུད་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། སྐབས་འདིའི་འགྲེམས་ཚོགས་ཐོག་མ་འཇོག་རྣམ་གྲངས་ཀྱི་གན་རྒྱ་བཞག་ཚད་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་2000ལས་བརྒལ་རྒྱུ་དང་། དེའི་ནང་གཅིག་སྡུད་ཐོག་བཞག་པའི་མ་འཇོག་རྣམ་གྲངས་ཀྱི་གན་རྒྱའི་དངུལ་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་1200ལྷག་ཙམ་ཟིན་རྒྱུ་ཡིན་པ་རེད།

འགྲེམས་ཚོགས་རིང་། ད་དུང་2025ལོའི་གྲངས་འཛིན་ཐོན་ལས་ཀྱི་སྐྱེ་ཁམས་ཚོགས་ཆེན་དང་རིག་ནུས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཁྱུ་ཚོགས་ཀྱི་སྐྱེ་ཁམས་ཚོགས་ཆེན་སོགས་སྐྱེ་ཁམས་ཚོགས་ཆེན་10ལྷག་ཙམ་འཚོག་རྒྱུ་ཡིན་པ་དང་། ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་སྤེལ་འགོ་འཛུགས་རྒྱུ། ལས་རིགས་ཀྱི་ཚད་གཞི་གསར་པ་དང་། ཐོན་རྫས་གསར་པ། ལག་རྩལ་གསར་པ་སོགས་ཁག་100ལྷག་ཙམ་གཅིག་སྡུད་ཐོག་ཁྱབ་བསྒྲགས་བྱ་རྒྱུ་བཅས་ཡིན་པ་རེད།

ད་ཐེངས་ཀྱི་འགྲེམས་ཚོགས་ནི་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་དང་། སིང་ཀ་ཕོར་གྱིས་གཙོ་མགྲོན་རྒྱལ་ཁབ་ཀྱི་འགན་འཁུར་བ། སི་ཁྲོན་ཞིང་ཆེན་གྱིས་གཙོ་མགྲོན་ཞིང་ཆེན་གྱི་འགན་འཁུར་བ་ཞིག་རེད། འགོ་ཚུགས་མཛད་སྒོར་རྒྱལ་ཁབ་ཕྱི་ནང་གི་སྣེ་ཁྲིད་ཁེ་ལས་ཁག་གི་འགན་འཁུར་བ་དང་དེ་བཞིན་རིགས་གཅིག་མཁས་ཅན་དང་མཁས་དབང་གྲགས་ཅན་སོགས་སྐུ་མགྲོན་གྱིས་རིག་ནུས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་དང་། མི་ཐབས་རིག་ནུས། ཐོན་ལས་མཉམ་འདྲེས་གཏིང་ཟབ་སོགས་གླེང་མང་བའི་བརྗོད་གཞིར་དམིགས་ནས་སྤེལ་རེས་བྱས་པ་རེད། འགོ་ཚུགས་མཛད་སྒོར་ད་དུང་ཁྲུང་ཆིང་གི་དམའ་དབྱིངས་འཕུར་སྐྱོད་ཕྱོགས་བསྡུས་དོ་དམ་ཞབས་ཞུའི་ལས་སྟེགས་སོགས་གསར་གཏོད་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་རེད།

(དམ་ཆོས་མི་ཕམ་གྱིས་སྒྱུར་ཞུས་བྱས)