འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་བརྟན་པོ་འཕར་ནས་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་45781.6ཟིན་ཏེ་དུས་མཚུངས་ལས་8.2%འཕར་ཞིང་། དེའི་ནང་། ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་19983ཟིན་ནས་15.3%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་25798.6ཟིན་ནས་3.3%འཕར་ཡོད།
ཤེས་བྱ་འདུས་ཆེའི་ཞབས་ཞུའི་ཚོང་དོན་རྒྱུན་མཐུད་འཕར་ཞིང་། ཟླ་བ་དང་པོ་ནས་བདུན་པའི་བར། ཤེས་བྱ་འདུས་ཆེའི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་17756ཟིན་ཏེ་དུས་མཚུངས་ལས་6.8%འཕར་ཡོད། དེའི་ནང་དེ་མིན་གྱི་ཚོང་ལས་ཞབས་ཞུ་དང་། གློག་འཕྲིན་རྩིས་འཁོར། ཆ་འཕྲིན་ཞབས་ཞུ་བཅས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་7509.7དང་སྒོར་དུང་ཕྱུར་6268ཁག་སོ་སོར་ཟིན་ནས་3.4%དང་12.6%སོ་སོར་འཕར་ཡོད། ཤེས་བྱ་འདུས་ཆེའི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་10253.3ཟིན་ནས་8.6%འཕར་བ་དང་། ཤེས་བྱ་འདུས་ཆེའི་ཞབས་ཞུ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་7502.7ཟིན་ནས་4.6%འཕར་བ། གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་2750.6ཟིན་ཏེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་482.7མང་དུ་ཕྱིན་ཡོད།
ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་ཚད་འཕར་མགྱོགས་ཤོས་ཡིན་ཞིང་། ཟླ་བ་དང་པོ་ནས་བདུན་པའི་བར། ཡུལ་སྐོར་ཞབས་ཞུ་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་12594.6ཟིན་ཏེ་ལོ་གོང་མའི་དུས་མཚུངས་ལས་10.4%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་62.9%འཕར་བ་དང་ནང་འདྲེན་བྱེད་ཚད་3.9%འཕར་ཡོད་པ་རེད།
(ཚེ་ལྷས་བསྒྱུར། པ་ཚེས་ཞུས)