འདི་ག་ཚགས་པར་ཁང་དུ་ཧོ་ཧྥེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཨན་ཧུའེ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། ཨན་ཧུའེ་ཡིས་སྤུས་ཚད་མཐོ་བའི་སློབ་མའི་རོགས་དངུལ་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གནད་སྨིན་རོགས་དངུལ་གཏོང་སྤྲོད་དང་མ་དངུལ་རོགས་སྐྱོར་བྱས་ནས་མི་སྣ་གསོ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“སློབ་རིམ་ཚང་མ་དང་། སློབ་གྲྭ་ཚང་མ། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་ཚང་མར”ཁྱབ་ཐུབ་པར་བྱས་ཡོད། ཨན་ཧུའེ་ཞིང་ཆེན་གྱི་སློབ་མའི་རོགས་དངུལ་རྣམ་གྲངས་ཁག་25ཟིན་ནས“བྱ་དགའ་དང་། དངུལ་བུན། རོགས་སྐྱོར། ཁ་གསབ། ཆག་ཡང”བཅས་ཕྱོགས་ཡོངས་ཀྱི་སློབ་མའི་རོགས་དངུལ་སྲིད་ཇུས་མ་ལག་བཙུགས་པ་རེད།
སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་སུ། ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་དུ་སྐྱོད་བཞིན་པའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་བྱིས་པ་དང་། དྭ་ཕྲུག དབང་པོ་སྐྱོན་ཅན་བྱིས་པ་བཅས་ལ་རོགས་དངུལ་སྤྲོད་པ་དང་། འོས་འགན་སློབ་གསོའི་དུས་མཚམས་སུ། སློབ་མ་ཚང་མར་སློབ་ཡོན་རྩག་རྩིག་རྩ་ཆག་གཏོང་བ་དང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སློབ་ཚན་གྱི་སློབ་དེབ་རིན་མེད་ངང་མཁོ་འདོན་བྱེད་པ་དང་། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་འཚོ་བའི་གྲོན་དངུལ་ཁ་གསབ་སྤྲོད་པ། མཐོ་རིམ་སློབ་འབྲིང་གི་སློབ་གསོའི་དུས་མཚམས་སུ། རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་། རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་དང་སློབ་ཡོན་རྩག་རྩིག་རྩ་ཆག་གཏོང་རྒྱུ་གཙོ་བོར་བྱས་པའི་རོགས་དངུལ་གྱི་སྲིད་ཇུས་མ་ལག་བཙུགས་པ། མཐོ་རིམ་སློབ་གསོའི་དུས་མཚམས་སུ། རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་། རྒྱལ་ཁབ་ཀྱི་རོགས་དངུལ། སློབ་མ་ཡོང་ཁུངས་ཀྱི་ཡིད་རྟོན་རོགས་དངུལ་གྱི་དངུལ་བུན། གཞི་རིམ་དུ་ལས་ཞུགས་ཀྱི་སློབ་ཡོན་ཁ་གསབ། དམག་སྐུལ་དང་ལེན་གྱི་རྒྱལ་ཁབ་ཀྱི་སློབ་གསོའི་རོགས་དངུལ། སློབ་གྲྭའི་ནང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་སློབ་ཞུགས་རོགས་དངུལ་སོགས་རྣམ་གྲངས་ཟུང་འབྲེལ་དམ་ཟབ་བྱེད་པའི་རོགས་དངུལ་མ་ལག་བཙུགས་པ་རེད།