འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས《བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཚན་རྩལ་རྣམ་པའི་ཁེ་ལས་སྐྱོང་གསོ་དོ་དམ་བྱ་ཐབས》བཀྲམ་ཞིང་། དེའི་ནང་སྐྱོང་གསོ་བྱེད་སྟངས་དེ་ཚད་ལྡན་རིམ་པ་དང་ཕུལ་བྱུང་རིམ་པ་གཉིས་སུ་དབྱེ་རྒྱུའི་གཏན་འཁེལ་བྱས་ཡོད། ཚད་ལྡན་རིམ་པའི་སྐྱོང་གསོ་བྱེད་སྟངས་ཀྱིས་སྔར་ཡོད་ཀྱི་རྒྱལ་ཁབ་རིམ་པའི་སྐྱོང་གསོ་བྱེད་སྟངས་ལ་དཔེ་བསྡུར་བྱས་ཏེ་དེ་སྔའི་སྲིད་ཇུས་ཀྱི་སྒྲོམ་གཞི་དང་སྦྲེལ་མཐུད་གང་ལེགས་ཀྱིས་ཚད་ལོན་གཏན་འཁེལ་བྱ་རྒྱུ་རེད། ཕུལ་བྱུང་རིམ་པའི་སྐྱོང་གསོ་བྱེད་སྟངས་ཀྱིས་ལེགས་ཁྲོད་ལེགས་འདེམས་དང་བསྡོམས་འབོར་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་རྩེར་སོན་དང་དཔེ་བསྡུར་བྱས་ཏེ་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཁྱབ་ཁོངས་ཀྱི་སྐྱོང་གསོ་བྱེད་སྟངས་གསར་པར་ཕྱོགས་ནས་ལེགས་འདེམས་གཏན་འཁེལ་བྱ་རྒྱུ་རེད།
ཚན་རྩལ་རྣམ་པའི་ཁེ་ལས་སྐྱོང་གསོ་བྱེད་སྟངས་ཞེས་པ་ནི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་རྣམ་པའི་ཁེ་ལས་སྐྱོང་གསོ་བྱེད་པ། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་དམིགས་ཡུལ་དུ་བྱས་ནས་ཚན་རྩལ་རྣམ་པའི་ཐོག་མའི་འཛུགས་གཏོད་ཁེ་ལས་དང་ལས་གཏོད་ཚོགས་པར་གཉེར་སྐྱོང་སྒྲིག་བཀོད་དང་། ལས་གཏོད་ཟུར་ཁྲིད། ལག་རྩལ་རྒྱབ་སྐྱོར། ཁྲོམ་ར་རྒྱ་སྐྱེད། མ་འཇོག་དང་མ་དངུལ་བསྡུ་སྒྲིལ། དོ་དམ་བློ་འདྲི་སོགས་ཆེད་ལས་ཞབས་ཞུའི་ཚན་རྩལ་ལས་གཏོད་ཞབས་ཞུའི་ལས་ཁུངས་མཁོ་འདོན་བྱ་རྒྱུ་རེད། མིག་སྔར། རྒྱལ་ཡོངས་ཀྱི་སྐྱོང་གསོའི་ལས་ཁུངས་བསྡོམས་ཁྲི་1.6ཟིན་པ་དང་། རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ལ་ཡན་ལག་དང་ཉིང་ལག་ལས་ཁུངས་བཙུགས་ཏེ། ཤུགས་རྐྱེན་ཐེབས་ནུས་ལྡན་པའི་མཐོ་གསར་ལག་རྩལ་ཁེ་ལས་དང་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་སྐྱོང་གསོ་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ནུས་པ་གལ་ཆེན་བཏོན་ཡོད།
(བསྟན་འཛིན་བཟང་མོས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)