འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་1ཉིན་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་ཐེངས་སོ་བཞི་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཤིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཏའོ་ཧྲུའུ་ཡིས་འདི་ལོའི་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བར“ཁྲལ་བསྡུ་དང་། ཁྲིམས་སྐྱོང་། དྲང་གཞག”བཅས་བརྗོད་དོན་གཙོ་བོར་བྱས་པ་དེའི་དམིགས་ཡུལ་ནི་ཟླ་བ་གཅིག་རིང་གི་གཅིག་སྡུད་ཁྲལ་བསྡུའི་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བརྒྱུད་རིགས་ཁག་གི་གཉེར་སྐྱོང་བྱེད་པོར་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་ཁྲིད་སྟོན་ཧུར་ཐག་བྱས་ནས་ཁྲིམས་ལྟར་ཁ་དན་ཚིག་གནས་ཀྱིས་རང་རྟོགས་ངང་ཁྲལ་འཇལ་བ་དང་ལུགས་མཐུན་གཉེར་སྐྱོང་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད་རེད། དྲིལ་བསྒྲགས་ཟླ་བའི་རིང་བྱེད་སྒོ་སྣ་མང་གཙོ་གནད་དུ་སྤེལ་རྒྱུ་རེད།
གཅིག་ནས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་ཁྲིམས་འཛིན་པུའུ་སོགས་དང་མཉམ་དུ“ཁ་དན་ཚིག་གནས་ཀྱིས་ཁྲལ་འཇལ་ནས་ཁྲིམས་སྐྱོང་དང་མཉམ་དུ་འགྲོགས་པའི”ཁྲལ་བསྡུའི་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། ལུགས་མཐུན་གཉེར་སྐྱོང་གི་ཁེ་ལས་ཀྱི་འཐུས་མི་དང་། ཁྲལ་བསྡུའི་བཅའ་ཁྲིམས་ཁྱབ་གདལ་གྱི་དང་བླངས་པ། སྨྱན་སྦྱོར་གྱི་གསར་འགོད་པ་བཅས་གདན་དྲངས་ནས་ལུགས་མཐུན་གཉེར་སྐྱོང་ངམ་ཡང་ན་ཁྲལ་བསྡུའི་བཅའ་ཁྲིམས་ཁྱབ་གདལ་ནང་ཞུགས་པའི་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུ་དང་། གཉིས་ནས་གཙོ་གནད་ཚོགས་སྤྱིར་ཕྱོགས་ཏེ“ལུགས་མཐུན་གཉེར་སྐྱོང་ལ་ཁྲིད་སྟོན་བྱེད་པའི”རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོ་རིགས་དབྱེའི་སྒོ་ནས་སྤེལ་རྒྱུ་ཡིན་ཞིང་། ཁྲིམས་ལྟར་ཁ་དན་ཚིག་གནས་ཀྱི་ཁྲལ་འཇལ་འདུ་ཤེས་དང་དེ་བཞིན་ཁྲལ་གྲོན་སྲིད་ཇུས་སྤྱོད་འཐུས་དང་ཁྲིམས་ལྟར་ཁྲལ་འཇལ་བའི་ཁྲོད་ཀྱི་དོ་སྣང་བྱེད་དགོས་པའི་དོན་ཚན་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུ། གསུམ་ནས་ལུགས་མཐུན་གཉེར་སྐྱོང་དང་ཁ་དན་ཚིག་གནས་ཀྱི་ཁྲལ་འཇལ་བའི་དྲང་ཕྱོགས་ཀྱི་དཔེ་མཚོན་དྲིལ་བསྒྲགགས་བྱ་རྒྱུ་ཡིན་ཞིང་། ཁྲལ་འཇལ་བ་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་དཔྱ་ཁྲལ་སྐོར་གྱི་བཅའ་ཁྲིམས་ལ་བརྩི་བཀུར་ཞུ་བའི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱ་རྒྱུ། བཞི་ནས་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱོད་གཞི་དམར་འདོན་དང་དེ་བཞིན་གྱོད་དཔེ་དྲངས་ནས་ཁྲིམས་ཤོད་རྒྱུ་ཡིན་ཞིང་། དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱོད་གཞི་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་ནས། དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱོད་གཞི་རྒྱུན་རྣམ་ཅན་གྱི་སྒོ་ནས་དམར་འདོན་བྱ་རྒྱུ། ལྔ་ནས་ནུས་ཆེ་སྟབས་བདེའི་ཁྲལ་གཉེར་གྲོན་འཇལ་བྱེད་ཐབས་འོས་སྦྱོར་བྱ་རྒྱུ་ཡིན་ཞིང་། རིགས་ཁག་གི་གཉེར་སྐྱོང་བྱེད་པོར་ལུགས་མཐུན་གཉེར་སྐྱོང་དང་སྐྱོན་བྲལ་འཕེལ་རྒྱས་གཏོང་བར་དེ་བས་ལེགས་པའི་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད།
(བསོད་བདེ་ཆེ་བས་བསྒྱུར། པ་ཕན་གྱིས་ཞུས)