འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོའི་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར། ཟླ་བ་དང་པོ་དང་གཉིས་པར་ནང་མཁོ་ཆེ་རུ་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ཡང་བའི་བཟོ་ལས་ཀྱི་ལས་གཉེར་ཡོང་འབབ་དང་ཁེ་བཟང་གཉིས་ཀ་འཕར་བ་རྒྱུན་འཁྱོངས་ཐུབ་ནས་ལས་རིགས་ཀྱི་འཁོར་རྒྱུག་བརྟན་པོའི་ཁྲོད་ཡར་རྒྱས་བྱུང་ཡོད། ཟླ་བ་དང་པོ་དང་གཉིས་པར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.4བྱུང་བ་དེ་དུས་མཚུངས་ལས་4.4%འཕར་བ་དང་། ཁེ་བཟང་སྒོར་དུང་ཕྱུར་1967.1བྱུང་ནས་དུས་མཚུངས་ལས་0.6%འཕར་ཡོད།
“སྲིད་ཇུས་ཀྱི་ནུས་འབྲས་རྒྱུན་མཐུད་ངང་མཁོ་སྤྲོད་ཕྱོགས་ལ་བརྒྱུད་འདྲེན་བྱེད་པ་དང་བསྟུན་ནས། ཡང་བའི་བཟོ་ལས་ཀྱི་འབྲེལ་ཡོད་ཐོན་ལས་ཀྱི་ཐོན་སྐྱེད་བསྐྱར་འཕར་བྱུང་བ་དང་། ཁྲོམ་རའི་གཞི་ཁྱོན་ཆེ་རུ་ཕྱིན་པས། ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཕེལ་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད”ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཁྲུང་ཧོ་ཡིས། ཟླ་བ་དང་པོ་དང་གཉིས་པར་ཁྱིམ་སྤྱོད་གློག་ཆས་དང་། གློག་སྒུལ་རྐང་འཁོར། ཁྱིམ་ཆས་སོགས་ལས་རིགས་ཀྱི་ཐོན་སྐྱེད་དང་། ལས་གཉེར་ཡོང་འབབ། ཁེ་བཟང་བཅས་ཅུང་མགྱོགས་པོ་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།
རྙིང་པ་གསར་བརྗེས་སྲིད་ཇུས་ཀྱི་ཕན་པ་ཐོབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག ཟླ་བ་དང་པོ་དང་གཉིས་པར་ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་9.9%འཕར་བ་དང་། ཁེ་བཟང་10.3%འཕར་ཡོད། ཁྱིམ་སྤྱོད་ཐབ་ཚང་གློག་ཆས་བཟོ་སྐྲུན་དང་ཁྱིམ་སྤྱོད་གྲང་བཟོའི་གློག་ཆས་བཟོ་སྐྲུན་སོགས་ལས་རིགས་ཀྱི་ཁེ་བཟང་འཕར་ཚད་20%ཙམ་ཟིན་ཡོད། འབྲེལ་ཡོད་ཐོན་རྫས་ཀྱི་འཁོར་འབྲེལ་ལས་རིགས་ཀྱི་ཁེ་བཟང་འཕར་ཚད་ཅུང་མགྱོགས་པའི་ནང་ཁྱིམ་སྤྱོད་གློག་ཆས་ཀྱི་ཆེད་སྤྱོད་ལྷུ་ལག་བཟོ་སྐྲུན་ལས་རིགས་ལ་ཁེ་བཟང་18.4%འཕར་ཡོད།
གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་དང་གཉིས་པར་ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་རིགས་ཀྱི་ཚོང་ཟོག་སིལ་ཚོང་གྲངས་འབོར་10.9%འཕར་ནས་ལོ་གོང་མའི་ཟླ་9པ་ནས་བཟུང་གྲངས་གནས་གཉིས་འཕར་བ་རྒྱུན་མཐུད་ངང་རྒྱུན་འཁྱོངས་ཐུབ་ཡོད། འཛད་སྤྱོད་དངོས་རྫས་རྙིང་པ་གསར་བརྗེས་ཀྱི་སྲིད་ཇུས་ཀྱིས་ཐོན་ལས་འཕེལ་རྒྱས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་རིགས་ཁྲོད་ཀྱི་ནུས་ཕྱོད་མཐོ་བའི་ཁྱིམ་སྤྱོད་གློག་ཆས་དང་རིག་ནུས་ཁྱིམ་སྤྱོད་གློག་ཆས་ཕྱིར་ཚོང་རྒྱུན་མཐུད་ངང་མགྱོགས་མྱུར་འཕར་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ནས་ཁྱིམ་སྤྱོད་གློག་ཆས་ཀྱི་ཁྲོམ་རར་འཛད་སྤྱོད་རིམ་སྤོར་གྱི་འཕེལ་ཕྱོགས་མངོན་གསལ་དོད་པོ་ཡོད་པ་རེད། ཟླ་3ཚེས་24ཉིན་བར་འདི་ལོ་འཛད་སྤྱོད་པས་ཁྱིམ་སྤྱོད་གློག་ཆས་རིགས་ཆེན་པོ་12ཉོས་པའི་ནང་རྙིང་པ་གསར་བརྗེས་ཀྱི་ཐོན་རྫས་ཁྲི་2800ལྷག་ཙམ་ཟིན་ཡོད་པ་རེད།
འདི་ལོ་ནས་བཟུང་། ཁྱིམ་སྤྱོད་གློག་ཆས་ཀྱི་ཐོན་རྫས་རྙིང་པ་གསར་བརྗེས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཅིང་། མིག་སྔར་རྒྱལ་ཡོངས་ཀྱི་ས་ཁུལ་20ལྷག་ཙམ་གྱིས་རྒྱལ་ཁབ་ཀྱིས་ཁ་གསབ་ཚད་གཞི་གསལ་པོ་བཟོས་པའི་ཁྱིམ་སྤྱོད་གློག་ཆས་རིགས་8+4ཡི་རྨང་གཞིའི་ཐོག་སྲོ་སྐམ་འཕྲུལ་འཁོར་དང་། གད་ཕྱགས་འཕྲུལ་འཁོར། རིག་ནུས་ཆབ་གཞོང་། ཐབ་ཚང་གི་ཁྱིམ་སྤྱོད་གློག་ཆས་ཆུང་གྲས་སོགས་ཁ་གསབ་ཁྱབ་ཁོངས་ནང་བཅུག་ནས་འཛད་སྤྱོད་པའི་དེ་བས་སྣ་མང་ཅན་གྱི་གསར་བརྗེས་དགོས་མཁོ་བསྐངས་ཡོད།
ཡང་བསྐྱར་གློག་སྒུལ་རྐང་འཁོར་ལས་རིགས་ལ་བལྟས་ན། འདི་ལོའི་ཟླ་1ཚེས་1ཉིན་ནས་བཟུང་གློག་སྒུལ་རྐང་འཁོར་རྙིང་པ་གསར་བརྗེས་ཀྱི་སྲིད་ཇུས་མུ་མཐུད་སྣུར་སྲིང་བྱས་པ་དང་། འབྲེལ་ཡོད་གྲངས་གཞིའི་བསྡོམས་རྩིས་ལྟར་ན། ཟླ་3ཚེས་18ཉིན་བར་རང་རྒྱལ་གྱི་གློག་སྒུལ་རྐང་འཁོར་རྙིང་པ་གསར་བརྗེས་ནང་གློག་སྒུལ་རྐང་འཁོར་རྙིང་པ་གསར་པ་བརྗེ་ཉོ་ཁྲི་204.4སོ་སོར་བྱས་ནས་གློག་སྒུལ་རྐང་འཁོར་གསར་པ་ཕྱིར་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་56.1ཟིན་ཡོད།
(པ་ཕན་གྱིས་བསྒྱུར། བསོད་ནམས་བདེ་སྐྱིད་ཀྱིས་ཞུས)