2024ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ཏེ“ཅིན་ཅང་གི་ཉམས་མྱོང”གསར་གཏོད་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་མ་འཇོག་ལས་གཏོད་ཀྱི་གསོན་ཤུགས་གང་ལེགས་འཕེལ་བར་བྱེད་དགོས་པའི་ནན་བཤད་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཧྥུའུ་ཅན་གྱིས་དུས་རབས་གསར་པར་དམངས་གཉེར་དཔལ་འབྱོར་ལ་བརྟེན་ཏེ་ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས་མགྱོགས་མྱུར་ལག་ལེན་བསྟར་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད།
འགོག་རྐྱེན་བསལ་ནས་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་འདྲ་མཉམ་ངང་འགྲན་རྩོད་བྱེད་དུ་བཅུག་ཡོད།
“ད་ལོ་ཚུན་དུ་ང་ཚོས་ས་གནས་ཁག་ལ་སྲིད་ཇུས་དང་བྱ་ཐབས་གལ་ཆེན་གྱི་དྲང་གཞག་འགྲན་རྩོད་ལ་ཞིབ་བཤེར་བྱེད་པའི་མཉམ་འབྲེལ་ཞིབ་བཤེར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་ཁྲིད་བྱས་པ་མ་ཟད། ལོ་མཇུག་གོང་ཆུས་བཙུགས་པའི་གྲོང་ཁྱེར་ཁག་གི་དྲང་གཞག་འགྲན་རྩོད་ལ་འཐེན་བཤེར་བྱ་རྒྱུ་མངོན་འགྱུར་བྱུང་ནས། སྲིད་འཛིན་རང་བཞིན་གྱི་སྒེར་སྡེམ་ལ་ལྟ་སྐུལ་དོ་དམ་དང་ཁྲིམས་སྒྱུར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད”ཅེས་ཧྥུའུ་ཅན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་ཧོང་ཧྲུའེ་མུའུ་ཡིས་དེ་ལྟར་བཤད།
“ང་ཚོས་ལས་གཉེར་མཁན་ཁྲོམ་ར་གསར་འབྱེད་བྱེད་པར་གཏོང་རྒྱུའི་སྒྲིག་འཛུགས་བྱས་ཟིན་པས། ད་ལོའི་ཚོང་གཉེར་ཡོང་འབབ་ན་ནིང་ལས་ཏན་ཏན་ཡག་པ་ཡོང་ངེས་རེད”ཅེས་ཧྥུའུ་ཀྲོའུ་གྲོང་ཁྱེར་མིང་ཆིང་རྫོང་གི་གཟུགས་པོ་བརྟག་དཔྱད་ཀྱི་དམངས་གཉེར་སྒྲིག་གཞི་ཞིག་གི་འགན་འཁུར་བ་ཁྲེན་དབྱིང་གིས་བཤད་པ་དང་། ཁོང་གིས་ཞབས་འདེགས་ཞུ་ནུས་ཆེ་རུ་ཧུར་ཐག་བཏང་ནས་འཛད་སྤྱོད་པ་དེ་བས་མང་བའི་ཁས་ལེན་ཐོབ་པ་བྱེད་ཀྱི་ཡིན་ཞེས་བཤད།
གནད་སྨིན་རོགས་སྐྱོར་བྱས་ནས་དམངས་གཉེར་ཁེ་ལས་ལ་དཀའ་ངལ་འཕྲད་སྐབས་རོགས་རམ་བྱས་ཡོད།
ཧྥུའུ་ཅན་གྱིས་དམངས་གཉེར་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་འགན་བགོས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། ད་ལོའི་ཟླ་2པར་ཀྲུང་གོ་མི་དམངས་དངུལ་ཁང་ཧྥུའུ་ཅན་ཞིང་ཆེན་ཡན་ལག་དངུལ་ཁང་དང་ཧྥུའུ་ཅན་ཞིང་ཆེན་ནོར་སྲིད་ཐིང་སོགས་ཀྱིས་ཆེད་དོན་མ་དངུལ་གྱི་དངུལ་བུན་སྒོར་དུང་ཕྱུར་200གསར་དུ་བཀོད་སྒྲིག་བྱས་ནས་ཆེད་ཞིབ་ཁྱད་གསར་བཞི་ཡི་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་བཏང་བས་ཁེ་ལས་300ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
དོན་མེད་ན་སུན་པོ་མི་བཟོ་བར་ཁེ་ལས་བློ་རྩེ་གཅིག་སྒྲིམ་ངང་འཕེལ་རྒྱས་དོན་གཉེར་བྱེད་དུ་བཅུག་ཡོད།
“ད་ཆ་སྲིད་གཞུང་གི་འགན་ནུས་སྡེ་ཚན་གྱིས་མཉམ་འབྲེལ་ཞིབ་བཤེར་བྱས་པས་ཞིབ་བཤེར་ལ་ཁ་གཏད་འཇལ་བའི་ཁེ་ལས་ཀྱི་གནོན་ཤུགས་ཆུང་དུ་ཕྱིན་ཡོད”ཅེས་ཉིང་ཏེ་གྲོང་ཁྱེར་ཀུའུ་ཐེན་རྫོང་དུ་ཧྥུའུ་ཅན་ཞིང་ཆེན་ཐེན་ཁྲེན་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཕེང་རེན་ཤིའུ་ཡིས་དེ་ལྟར་བཤད་པ་དང་། ཁོང་གིས་ཐོན་སྐྱེད་གཉེར་སྐྱོང་དང་ཚོང་ཤག་ལ་ཞབས་འདེགས་ཞུ་བར་དེ་བས་བློ་རྩེ་གཅིག་སྒྲིམ་བྱེད་ཀྱི་ཡོད་ཅེས་བཤད།
ཧྥུའུ་ཅན་གྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྒྱུར་ཞིབ་བཤེར་ཚད་ལྡན་ནན་པོ་བྱས་ཏེ་2025ལོ་ནས་བཟུང་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ལ་ཡོངས་ཁྱབ་ཏུ“ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག”བྱས་ཏེ། བསྐྱར་ཟློས་དང་། ཐེངས་མང་། གང་འདོད་བཅས་ཀྱི་ཁྲིམས་སྒྱུར་མེད་པ་ཏན་ཏིག་བཟོས་ནས་ཁྲིམས་སྒྱུར་གྱིས་མི་དམངས་དང་ཁེ་ལས་ལ་སུན་པོ་བཟོ་བའི་གནད་དོན་གཏན་འགོག་བྱས་ཡོད།
གསར་གཏོད་ལ་སྲུང་སྐྱོང་བྱས་ནས་ཤེས་བྱའི་བདག་དབང་གི་ཁྲིམས་སྐྱོང་འགན་སྲུང་འཐུས་སྒོ་ཚང་དུ་བཏང་ཡོད།
ཐེ་ལི་ཧུའེ་ཆ་འཕྲིན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་རང་བརྟེན་ཞིབ་སྤེལ་བྱས་པའི་མཉེན་ཆས་ཤིག་ལ་འགྲན་རྩོད་པས་ཤེས་བྱའི་བདག་དབང་ལ་བཙན་གནོད་བཏང་ཡོད། ཧྥུའུ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལག་རྩལ་བརྟག་དཔྱད་དཔོན་གདན་དྲངས་ནས་མཉེན་ཆས་ཀྱི་ཚབ་རྟགས་བསྡུར་བ་དང་དོན་དངོས་རྩད་གཅོད་བྱས་པས་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་45མི་ཕོག་པ་བྱུང་ཡོད། “ལག་རྩལ་བརྟག་དཔྱད་དཔོན་ཡོད་པས་ཁྲིམས་འཛིན་གསལ་འབྱེད་ཀྱི་དུས་ཚོད་དང་འགྲོ་སོང་གྲོན་ཆུང་ཐུབ་སྟེ། ང་ཚོའི་ཐོག་མའི་གསར་གཏོད་ཀྱི་གྲུབ་འབྲས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་སོང”ཞེས་ཀུང་སི་དེའི་ཁྲིམས་བཀོད་འཐུས་ཚབ་པ་ལིན་ཧྲི་ཧྥུས་དེ་ལྟར་བཤད།
“‘གསར་གཏོད་ངོ་མར’‘སྲུང་སྐྱོང་དངོས་འབྲེལ’ཐུབ་པ་བྱས་ཡོད”ཅེས་ཧྥུའུ་ཅན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལག་རྩལ་བརྟག་དཔྱད་དཔོན་ཤེས་བྱའི་བདག་དབང་གི་གཏུག་བཤེར་བྱེད་སྒོའི་ནང་ཞུགས་པའི་ལས་ཀའི་སྒྲིག་སྲོལ་བཏོན་ནས་འགག་རྩའི་ལག་རྩལ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སོགས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལག་རྩལ་ལ་བརྟེན་ཏེ་དོན་དངོས་རྩད་གཅོད་བྱ་རྒྱུར་ཆེད་ལས་ཀྱི་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།
“གཞན་གྱི་སྔོན་ལ་བྱེད་ཕོད་པ་དང་འབད་འཐབ་བྱས་ན་རྒྱལ་ཁ་ཐོབ་ངེས་ཡིན་པའི་གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། དུས་ཚོད་ཀྱིས་མི་མི་སྒུག་པའི་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་གྱི་འབད་འབུངས་བྱེད་སེམས་ལ་བརྟེན་ནས་མགྱོགས་མྱུར་སྒྲུབ་པ་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་ཚོང་གཉེར་གྱི་ཁོར་ཡུག་རྩེ་གྲ་བཏོད་ནས་ཧྥུའུ་ཅན་དེ་ཉིད་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཚོང་གཉེར་གྱི་ཞིང་ས་གཤིན་པོ་ཞིག་ཏུ་འགྱུར་བར་བྱེད་ཀྱི་ཡིན”ཞེས་ཧྥུའུ་ཅན་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཙུའུ་དབྱིས་དེ་ལྟར་བཤད།
(བསྟན་བློས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)