02

གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གི་གྲངས་གཞི་ལས་མངོན་པར། ཁྱིམ་སྤྱོད་གློག་ཆས་སིལ་ཚོང་བྱེད་ཚད་ཟླ་11པར་དུས་མཚུངས་ལས་74.4%འཕར་བ། 2024年12月13日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གི་གྲངས་གཞི་ལས་མངོན་པར། གསོག་ཚད་དང་འཕར་ཚད་རབ་དང་རིམ་པའི་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་རང་རྒྱལ་གྱི་དཔལ་འབྱོར་བསྐྱར་འཕར་དང་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱུན་མཐུད་མངོན་ཡོད་པ་རེད། ཟླ་11པར་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་འཕར་ཚད་ཟླ་10པ་ལས་བརྒྱ་ཆའི་གྲངས་0.3འཕར་ཞིང་། དེའི་ནང་ནས་རླངས་འཁོར་དང་གློག་རླངས་འཕྲུལ་ཆས་ཀྱི་ཡོ་བྱད་སོགས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་། གློག་རྡུལ་འཕྲིན་གཏོང་སྒྲིག་ཆས། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སྒྲིག་ཆས་སོགས་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས། གྲངས་འཛིན་སྨྱན་སྦྱོར་སྒྲིག་ཆས་དང་རིག་ནུས་སྒྲིག་ཆས་སོགས་གྲངས་འཛིན་ཐོན་རྫས་བཟོ་སྐྲུན་ལས་རིགས་བཅས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་5.3%དང་། 5.1% 3.8%བཅས་སོ་སོར་འཕར་བ་དང་། ལྷག་པར་དུ། རླངས་འཁོར་བཟོ་སྐྲུན་ལས་རིགས་དང་། རྩིས་འཁོར་འཕྲིན་གཏོང་སྒྲིག་ཆས་བཟོ་སྐྲུན་ལས་རིགས། ལྕགས་ལམ་དང་། གྲུ་གཟིངས། མཁའ་འགྲུལ་སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་9.3%དང་། 7.4% 5.6%བཅས་སོ་སོར་འཕར་ཡོད་པ་རེད།

“གསར་གཉིས”སྲིད་ཇུས་ཀྱི་སྣེ་ཁྲིད་འོག སྒྲིག་ཆས་ལ་མ་འཇོག་དང་དེ་བཞིན་འཛད་སྤྱོད་དངོས་ཟོག་རྙིང་པ་གསར་བརྗེས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཅིང་། ཟླ་11པར་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱིས་འཕྲུལ་ཆས་དང་སྒྲིག་ཆས་ཉོ་སྒྲུབ་བྱས་པའི་དངུལ་འབོར་དུས་མཚུངས་ལས་4.5%འཕར་བ་མ་ཟད། ཟླ་11པར་བརྙན་འཕྲིན་སོགས་ཁྱིམ་སྤྱོད་ལྟ་ཉན་སྒྲིག་ཆས་སིལ་ཚོང་དང་འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་28.8%དང་74.4%སོ་སོར་འཕར་བ་དང་། ཁྱིམ་གྱི་མཁོ་ཆས་དང་འབྲེལ་བ་ཡོད་པའི་ཁྱིམ་ཆས་སིལ་ཚོང་དང་གཙང་སྦྲའི་མཁོ་ཆས་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་36%དང་18.8%སོ་སོར་འཕར་ཡོད་པ་རེད།

(སྐལ་མཆོག་གིས་བསྒྱུར། བསྟན་བློས་ཞུས)