འདི་ག་ཚགས་པར་ཁང་དུ་ཁྲང་ཧྲ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་2024ལོའི་ཧུའུ་ནན(ཁྲང་ཧྲ)ཁོངས་བརྒལ་གློག་རྡུལ་ཚོང་དོན་ཚོང་འདུས་ཧུའུ་ནན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། ཚོང་འདུས་ཐོག་ཨ་ཧྥེ་རི་ཁའི“ཚོང་ཁང་བརྒྱ་ཡི་དངོས་ཟོག་སྟོང”དྲ་ཐོག་ནས་འཚོང་འགོ་ཚུགས་པ་རེད།
རྣམ་གྲངས་དེས་བགྲོ་གླེང་ཚོགས་འདུ་དང་། འཐབ་ཇུས་གླེང་མོལ། ཚོང་དོན་འབྲེལ་མཐུད་བྱེད་སྒོ སྲིད་ཇུས་ཞིབ་འཇུག དྲ་ཐོག་ཚོང་ཁང་སྲུང་སྐྱོང་དང་རྒྱབ་སྐྱོར་བྱེད་ཐབས་བཟོ་བ་སོགས་བྱས་ཏེ་ཨ་ཧྥེ་རི་ཁའི་ཁེ་ལས་འབྲིང་ཆུང་གི་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་རེད།
2021ལོའི་ཟླ་བ་བཅུ་གཅིག་པར་འཚོགས་པའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བརྒྱད་པར། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གཞོགས་འདེགས་དམ་ཟབ་བྱས་ཏེ“འདུ་འགོད་དགུ”མཉམ་དུ་ལག་བསྟར་བྱ་རྒྱུ་ཡིན་པ་བཏོན་ཡོད། ལྷག་པར་དུ་གྲངས་འཛིན་གསར་གཏོད་འདུ་འགོད་ཐད་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ“དར་གོས་ལམ་བུའི་དྲ་ཐོག་ཚོང་དོན”གྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་ཨ་ཧྥེ་རི་ཁའི་དངོས་ཟོག་ཡག་པོ་དྲ་ཐོག་ནས་ཉོ་བའི་དུས་ཆེན་དང་ཡུལ་སྐོར་དྲ་ཐོག་ཚོང་དོན་ཁྱབ་གདལ་གཏོང་བའི་བྱེད་སྒོ་གཉེར་ནས་ཨ་ཧྥེ་རི་ཁའི“ཚོང་ཁང་བརྒྱ་ཡི་དངོས་ཟོག་སྟོང”དྲ་ཐོག་ནས་འཚོང་བའི་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་པ་བཏོན་ཡོད།