ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།
བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་བོད་བྱང་ཐང་དུ་གནས་ཤིང་། འདི་ནི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཞིག་ཡིན་པ་དང་། ལྟེ་བའི་ཁུལ་ནི་མིའི་རིགས་འགུལ་སྐྱོད་ཀྱི་ས་ཁོངས་དང་བར་ཐག་སྤྱི་ལེ་བརྒྱ་ཕྲག་གིས་ཆོད་པ། ས་བབ་མཐོ་ཚད་སྨི་4500ཡན་ཟིན་ཡོད། དེ་གར་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་བྱེད་ཡུལ་གྱི་རི་སྐྱེས་སྲོག་ཆགས་རིགས་10དང་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོང་བྱེད་ཡུལ་གྱི་རི་སྐྱེས་སྲོག་ཆགས་རིགས་21འཚོ་གནས་བྱེད་བཞིན་ཡོད་པས། དེར“རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ”དུ་འབོད་ཀྱི་ཡོད། ལོ་མང་རིང་། དེ་གའི་རི་སྐྱེས་སྲོག་ཆགས་བདག་སྐྱོང་པ་ཚོས་ཉེན་ཁར་མ་འཛེམས་པར“མི་མེད་ཁུལ”གྱི་ཡངས་པའི་ས་གཞི་ཆེན་པོའི་གང་སར་བསྐྱོད་ནས་གཙོད་གཙོ་བོར་བྱས་པའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་བཞིན་མཆིས།
བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ནོར་བུ་གཡུ་རྒྱལ་རི་སྐྱེས་སྲོག་ཆགས་བདག་སྐྱོང་ས་ཚིགས་ཀྱི་ཀྲེན་ཀྲང་སྐལ་བཟང་ལྷུན་གྲུབ་ཀྱིས་ལས་རོགས་བསོད་ནམས་དང་ནོར་བུར། “ས་རུབ་གྲབས་འདུག མགྱོགས་པོ་སྦྲ་གུར་ཕུབ་ཅིག”ཅེས་བཤད།
ད་ཐེངས་སྐལ་བཟང་ལྷུན་གྲུབ་ཀྱིས་རུ་སྣེ་ཁྲིད་པའི་མི་5ལས་གྲུབ་པའི་རི་སྐྱེས་སྲོག་ཆགས་ཆེད་ལས་བདག་སྐྱོང་ཡན་ལག་རུ་ཆུང་གིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་རྒྱུན་གཏན་གྱི་སྐོར་གཡེང་བྱེད་པར་བསྐྱོད་ཅིང་། དེང་གི་ཆར་གཙོད་སྐྱེ་འཕེལ་དང་གནས་སྤོའི་འགག་རྩའི་དུས་སྐབས་ཡིན་པས། ཉིན་ལྟར་གཙོད་མགོ་གྲངས་ཆིག་ཁྲི་ཙམ་དང་ཐ་ན་ཁྲི་ཁ་ཤས་རྩྭ་སྐྱ་གཙང་པོ་བརྒལ་ནས་སྲུང་སྐྱོང་ཁུལ་གྱི་གཙོད་ཕྲུག་སྐྱེ་ཡུལ་དུ་སྐྱོད་ཀྱི་ཡོད་སྟབས། ཡན་ལག་རུ་ཆུང་གིས་གཙོད་གནས་སྤོ་སྐབས་ཁྲིམས་འགལ་ངང་འཛུལ་མཁན་གྱི་འགོག་རྐྱེན་མི་ཐེབས་པར་འགན་ལེན་བྱེད་དགོས་ལ། འབྲེལ་ཡོད་གྲངས་གཞི་འཚོལ་བསྡུ་བྱས་ཏེ་གཙོད་ཀྱི་ཚན་ཞིབ་ཐད་དཔྱད་གཞི་མཁོ་འདོན་ཡང་བྱེད་དགོས་ཀྱི་ཡོད།
སྐལ་བཟང་ལྷུན་གྲུབ་ཀྱིས་གསར་འགོད་པར། “ད་ཆ་རྐུ་རྔོན་རྒྱག་མཁན་གཞི་རྩའི་ཆ་ནས་བཀག་འགོག་ཐུབ་མོད། འོན་ཀྱང་། ཁྲིམས་འགལ་ངང་མི་མེད་ཁུལ་དུ་འཛུལ་མཁན་རེ་ཟུང་ཡོད་པས། སྔར་བཞིན་བཀག་འགོག་བྱེད་དགོས་ཀྱི་ཡོད”ཅེས་བཤད།
དུས་རབས་20པའི་ལོ་རབས་80པ་ནས་དུས་རབས་འདི་གའི་དུས་འགོ་བར། དེ་སྔ་རྐུ་རྔོན་རྒྱག་མཁན་གྱིས་གཙོད་བསད་དེ་ཁེ་སྤོགས་དོན་གཉེར་བྱེད་་བཞིན་ཡོད་སྟབས། “ས་མཐོའི་གཅེས་ནོར”དེ་དག་རེ་ཞིག་སྟོངས་ལ་ཁད་དུ་གྱུར་ཞིང་། 1995ལོར་གཙོད་ཁྱུའི་གྲངས་འབོར་ཁྲི་5ནས་ཁྲི་7བར་ཆག་ཡོད་པ་རེད།
གཙོད་ལ་གེགས་བར་འཕྲད་མང་ཤོས་ཀྱི་སྐབས་སུ་སྲུང་སྐྱོང་པ་ཁག་དང་ཁག་བྱས་ནས་གདོང་མཆོང་བྱས་ཏེ། ལང་ཚོ་དང་། ཁྲག་དྲོན། ཚེ་སྲོག་བཅས་ལ་བརྟེན་ནས་རྐུ་རྔོན་རྒྱག་མཁན་དང་འཐབ་རྩོད་བྱས་པ་སྟེ། 1994ལོར་རྐུ་རྔོན་རྒྱག་མཁན་དང་འཛིང་རེས་བྱེད་སྐབས་སྐབས་དེ་དུས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡིན་པའི་བསོད་ནམས་དར་རྒྱས་ཀྱིས་ཚེ་སྲོག་སྐྱེས་སུ་ཕུལ་བ་དང་། 2002ལོའི་ཟླ་6ཚེས་1ཉིན་ཉི་མ་རྫོང་གི་དེ་སྔའི་ནགས་ཚལ་སྤྱི་བདེ་མངགས་གཏོང་ཁང་གི་རིམ་པ་དང་པོའི་ཉེན་རྟོག་པ་ནོར་བུ་གཡུ་རྒྱལ་རྐུ་རྔོན་རྒྱག་མཁན་བཟུང་སྐབས་སྟབས་མ་ལེགས་པར་སྐུ་གཤེགས་པ་རེད།
སྐལ་བཟང་ལྷུན་གྲུབ་གནས་ཡུལ་གྱི་བདག་སྐྱོང་ས་ཚིགས་ནི་ནོར་བུ་གཡུ་རྒྱལ་གྱི་མིང་ཐོག་ནས་བཏགས་པ་ཞིག་ཡིན་ཞིང་། སྐལ་བཟང་ལྷུན་གྲུབ་ཀྱིས་གསར་འགོད་པར། རང་ཉིད་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་པ་ཞིག་ཏུ་གྱུར་དོན་ནི་ནོར་བུ་གཡུ་རྒྱལ་དང་འབྲེལ་བ་དམ་ཟབ་ཡོད་དེ། “ངས་ཁོང་ལ་དད་མོས་ཆེན་པོ་ཡོད་ལ་ཁོང་ནི་ངའི་སྙིང་དབུས་ཀྱི་དཔའ་བོ་དེ་ཡིན”ཞེས་བཤད།
↑བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནག་ཆུ་ས་ཁུལ་དོ་དམ་ཅུས་ཀྱི་མ་ཡེར་དོ་དམ་ས་ཚིགས་ཀྱི་བདག་སྐྱོང་རུ་མི་སྦག་སྦག་བཞོན་ནས་ཕྱི་ཕྱོགས་ལ་སྐོར་གཡེང་དུ་སྐྱོད་པ།
→ འདི་ནི་བདག་སྐྱོང་རུ་མི་དང་གསར་འགོད་པ་སྦྲ་གུར་ནང་ཉལ་རྩིས་བྱེད་པ།
↓འདི་ནི་སྐལ་བཟང་ལྷུན་གྲུབ་ཀྱིས་འཁྱགས་སྟེང་དུ་སྐྱོད་བཞིན་པའི་རླངས་འཁོར་ལ་བཀོད་འདོམས་བྱེད་བཞིན་པ།
↑འདི་ནི་རི་སྐྱེས་སྲོག་ཆགས་ཆེད་ལས་བདག་སྐྱོང་རུ་མིས་སྐོར་གཡེང་ལམ་དུ་མེ་བཏང་ནས་ལྟོ་ཆས་བཟོ་བཞིན་པ།
↑འདི་ནི་རི་སྐྱེས་སྲོག་ཆགས་ཆེད་ལས་བདག་སྐྱོང་རུ་མིའི་རླངས་འཁོར་སྐོར་གཡེང་ལམ་གྱི་འདམ་རྫབ་ལམ་བུ་བརྒྱུད་བཞིན་པ།
↑འདི་ནི་སྐལ་བཟང་ལྷུན་གྲུབ་ཀྱིས་འཁྱགས་སྟེང་དུ་སྐྱོད་བཞིན་པའི་གསར་འགོད་པའི་རླངས་འཁོར་ལ་བཀོད་འདོམས་བྱེད་བཞིན་པ།
← འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རླངས་འཁོར་འཁྱགས་སྟེང་དུ་འདྲེད་ནས་ལུས་པ།
↑འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་རི་སྐྱེས་སྲོག་ཆགས་ཆེད་ལས་བདག་སྐྱོང་རུ་མི་བསོད་ནམས(གཡོན)དང་ནོར་བུས་རླངས་འཁོར་ལས་དངོས་ཟོག་འབེབས་བཞིན་པ།
↑འདི་ནི་སྐལ་བཟང་ལྷུན་གྲུབ(དཀྱིལ)ཀྱིས་བདག་སྐྱོང་རུ་མི་དང་གསར་འགོད་པ་དང་མཉམ་དུ་སྦྲ་གུར་ཕུབ་བཞིན་པ།
↑འདི་ནི་རི་སྐྱེས་སྲོག་ཆགས་ཆེད་ལས་བདག་སྐྱོང་རུ་མིས་སྒར་སར་མེ་སྒོང་བཏང་ནས་མེ་སྲོ་བཞིན་པ།