ཟླ་6ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་དང་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་པོ་ལུའུ་ཨར་ཐེ་ལ་ཕྱག་གཏོང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ལ་མི་དམངས་དབར་གྱི་མཛའ་གྲོགས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ཕེ་རུ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་སྔ་ཤོས་དང་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་སྔ་ཤོས་ཀྱི་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ལ། ཀྲུང་གོ་དང་རང་མོས་ཚོང་དོན་གྱི་གྲོས་མཐུན་སྦབ་ཆ་གཅིག་བཞག་སྔ་ཤོས་ཀྱི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཅིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོས་ཐུན་མོང་འབད་བརྩོན་བྱས་པའི་འོག་ཀྲུང་གོ་དང་ཕེ་རུའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། ཕེ་རུའི་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ཀྱིས་ཕེ་རུའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བའི་ཁྲོད་ཀྲུང་གོའི་ཁེ་ལས་ཀྱིས་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཕེ་རུའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས་ཕེ་རུ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་འཇིག་རྟེན་གྱི་འགྲོ་ལུགས་ཤིག་ཡིན་ལ། ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བས་སྔ་ཕྱི་བར་གསུམ་དུ་ཆུ་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པའི་རྩ་བའི་རྒྱུ་རྐྱེན་ཞིག་ཀྱང་ཡིན། ཕེ་རུས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས་ཕེ་རུ་ཕྱོགས་དང་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་ཕེ་རུ་དབར་གྱི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་དཔལ་འབྱོར་མཉམ་ལས་འཐབ་ཇུས་ཐད་ཀྱི་སྐད་ཆ་ཤོད་རེས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་གོ་ཕྱོགས་ཀྱི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་དེ་ཕེ་རུ་ཕྱོགས་ཀྱི་འཕེལ་རྒྱས་དགོས་མཁོ་དང་འབྲེལ་མཐུད་བྱས་ཏེ་གཏེར་ཐོན་དང་། ནུས་རྒྱུ། བཟོ་སྐྲུན་ལས་རིགས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ནུས་རྒྱུ་གསར་པ་དང་། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས། གྲངས་འཛིན་སྨན་བཅོས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། ཕེ་རུའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཕེ་རུར་ཡོང་ནས་མ་འཇོག་དང་ཡུན་རིང་མཉམ་ལས་བྱེད་པར་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ཏེ་ཆན་ཁའེ་གྲུ་ཁ་དུས་བཀག་ལྟར་སྐྲུན་ཐུབ་པའི་འགན་ལེན་བྱས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་སྐམ་མཚོའི་བགྲོད་ལམ་གསར་པ་ཞིག་ཏུ་འགྱུར་བར་བྱས་ཏེ། “ཆན་ཁའེ་ནས་ཧྲང་ཧའེ་བར”དེ་ཀྲུང་གོ་དང་ཕེ་རུའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དར་རྒྱས་ཀྱི་ལམ་བུ་ཞིག་ཏུ་དངོས་འབྲེལ་ཆགས་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུའི་ན་གཞོན་སློབ་མར་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་པའི་མི་གྲངས་དེ་བས་མང་དུ་བཏང་ནས་སློབ་གསོ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) རིག་གནས། ཡུལ་སྐོར། གཞོན་ནུ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་དམངས་འདོད་ཀྱི་རྨང་གཞི་དེ་བས་བརྟན་པོ་འདིང་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་པོ་ནི་ཞི་བདེ་རྒྱ་མཚོ་ཆེན་པོའི་རྒྱུད་ཀྱི་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་དང“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་པོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་མཉམ་དུ་དར་སྤེལ་བཏང་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་གྲོས་འགོ་བཏོན་ཏེ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུས་འདི་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཡག་པོ་འཚོག་པར་རྒྱབ་སྐྱོར་ཧུར་ཐག་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་སྲུང་སྐྱོང་གིས་ཕྱི་ཕྱོགས་སུ་སྒོ་དབྱེ་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་འཛམ་གླིང་གི་དཔལ་འབྱོར་འཕར་གཞིར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་བརྡ་རྟགས་བཟང་པོ་ཞིག་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཕེ་རུ་སོགས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་གྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་སྤྱི་ཡོངས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
པོ་ལུའུ་ཨར་ཐེས། ནང་བློན་ཁང་གི་པུའུ་ཀྲང་གལ་ཆེན་དང་དཔལ་འབྱོར་ལས་རིགས་ཀྱི་འཐུས་མིའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲིར་ཡོང་ཐུབ་པར་ང་ཧ་ཅང་དགའ་པོ་བྱུང་། ཕེ་རུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོ་ནི་འཛམ་གླིང་གི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་། ལོ་རྒྱུས་ཐོག་ཕྱི་ཁོངས་ཀྲུང་གོ་བས་ཕེ་རུ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར་ཚོང་དོན། རིག་གནས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། ལྷག་པར་དུ་ཀྲུང་གོའི་ཁེ་ལས་ཀྱིས་ཕེ་རུར་མ་འཇོག་མཉམ་ལས་བྱས་པ་དེས་ཕེ་རུར་ལས་ཞུགས་ལས་གནས་འབོར་ཆེན་བཏོད་པ་མ་ཟད། སྔོན་ཐོན་ལག་རྩལ་དང་ཉམས་མྱོང་ཡང་བསྩལ་ཡོད། ཉིན་གཉིས་རིང་ཧྲེན་ཀྲེན་དང་། ཧྲང་ཧའེ། སུའུ་ཀྲོའུ་སོགས་སུ་འཚམས་འདྲི་དང་ལྟ་སྐོར་བྱས་པ་བརྒྱུད་ཀྲུང་གོའི་འཕེལ་རྒྱས་མྱུར་པོ་དང་ཚན་རྩལ་ཡར་རྒྱས་ཆེ་བ་དངོས་སུ་ཚོར་བྱུང་ལ། འབྱུང་འགྱུར་མཉམ་ལས་རྒྱ་ཆེར་གཏོང་ཐུབ་པའི་ཁྱབ་ཁོངས་མང་པོ་ཞིག་ཀྱང་འཚོལ་ཞིབ་ཐུབ་བྱུང་། ཕེ་རུ་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གིས་ཀྲུང་གོར་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་དགའ་མགུ་ཡི་རང་ཞུ་གི་ཡོད། ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་བཟང་པོ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་སྔར་བས་རྒྱ་ཆེ་དམ་ཟབ་ཡོང་བར་བརྟེན་ནས། ཕེ་རུའི་རང་ངོས་འཕེལ་རྒྱས་སྔར་བས་ཡག་པོ་ཡོང་བར་རམ་འདེགས་ཐུབ་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཕེ་རུར་མ་འཇོག་བྱེད་པར་ཡོང་ནས་རྨང་གཞིའི་སྒྲིག་བཀོད་དང་། ལྗང་མདོག་འཕེལ་རྒྱས། ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་དགའ་བསུ་ཞུ་གི་ཡིན་ལ། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་ཡག་པོ་ཞིག་ཀྱང་གཏོད་འདོད་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཆན་ཁའེ་གྲུ་ཁའི་རྣམ་གྲངས་དུས་བཀག་ལྟར་བསྐྲུན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་འདོགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། 1971ལོར་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན། ཕེ་རུ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་ལ། ཕེ་རུ་ཕྱོགས་ཀྱིས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་བརྟན་པོ་ཞུ་གི་ཡིན། ཕེ་རུ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་མང་རིང་ལུགས་ཐུན་མོང་ཐོག་སྲུང་སྐྱོང་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་2024ལོ་ནས་2029ལོའི་བར་གྱི་ཐུན་མོང་བྱ་སྤྱོད་འཆར་གཞི》དང་དེ་བཞིན་དཔལ་འབྱོར་ཚོང་དོན་མཉམ་ལས་དང་། གྲངས་འཛིན་དཔལ་འབྱོར། ཚན་རྩལ་གསར་གཏོད། ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར། གསར་འགྱུར་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་ཞིང་། ཕྱོགས་གཉིས་པོས་རང་མོས་ཚོང་དོན་གྱི་གྲོས་མཐུན་རིམ་སྤོར་གྲོས་མོལ་ངོ་བོའི་རང་བཞིན་གྱི་སྒོ་ནས་ལེགས་གྲུབ་བྱུང་བའི་ཁྱབ་བསྒྲགས་བྱས་པ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་པོ་ལུའུ་ཨར་ཐེར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
དེ་ཉིན་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་པོ་ལུའུ་ཨར་ཐེར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད། (པ་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)