01

ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་གྲོས་མོལ་གནང་བ། 2024年06月26日

ཟླ་6ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོ་ཕྱིའི་ཐང་ཆེན་དུ་ཏུའུ་ཏཱ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་གནང་བ།

ཟླ་6ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཏུའུ་ཏཱ་དང་སྐུ་ཟླ་ཨ་ཅཱ་ཐ་དང་ལྷན་དུ་སྐུ་པར་སྐྱོན་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་གྲོས་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཕོ་ལན་ནི་ཀྲུང་གོ་གསར་པ་ཁས་ལེན་སྔ་ཤོས་བྱེད་མཁན་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། འདི་ལོ་ནི་ཀྲུང་གོ་དང་ཕོ་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ལོ་75ཡི་རིང་། ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་སོང་ཡོད། ལྷག་པར་དུ་ལོ་བརྒྱད་ཀྱི་གོང་ང་ཚོས་ཀྲུང་ཕོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་གཏན་འཁེལ་ཐུན་མོང་ཐོག་བྱས་པ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ཁྱོན་ཡོངས་ནས་རྒྱ་སྐྱེད་དང་ཟབ་ཏུ་ཕྱིན་པ་དང་མཉམ་ལས་ཀྱི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་ཡོད། མིག་སྔར། སྔར་བྱུང་མྱོང་མེད་པའི་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་བྱས་ཏེ། ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་བསྐྱངས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་པའི་འཛམ་གླིང་ལ་བརྟན་ལྷིང་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཕོའི་འབྲེལ་བར་ཆར་རླུང་གི་ཉམས་སད་ཐེག་པའི་འགག་རྩ་ནི་ཕྱོགས་གཉིས་པོས་རང་སོ་སོའི་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་སྲོལ་རྒྱུན་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། རང་བཙན་རང་བདག་གིས་ཕྱོགས་གཉིས་པོའི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པར་ཐུག་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ལྟ་སྟངས་འདྲ་མཉམ་འཛིན་པ། གཉིས་ཕན་མཉམ་ལས། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་ཀྲུང་ཕོའི་མཛའ་གྲོགས་ཀྱི་དོན་སྙིང་མུ་མཐུད་མཐའ་འཁྱོངས་བྱས་ནས་ཕ་རོལ་པོས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཐད་འབད་བརྩོན་བྱེད་པར་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) འཇམ་འཐབ་ཀྱི་བསམ་གཞིག་དང་དཔུང་ཁག་འགྲན་རྒོལ་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བཅས་བྱས་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་ཀྲུང་ཕོ་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་ལམ་སྲོལ་ལས་སྟེགས་ཡག་པོ་སྤྱད་དེ་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་འཐབ་ཇུས་མཐུན་སྦྱོར་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་སོགས་རྣམ་གྲངས་གཙོ་བོའི་མཉམ་ལས་ལ་འགན་སྲུང་དང་སྐུལ་འདེད་གཏོང་བ་དང་དེ་བཞིན་ཚོང་དོན་དང་། ཞིང་ལས། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ཐོན་ལས། ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་གྱི་ཞིང་ལས་བཟའ་བཅའི་ཐོན་རྫས་སྤུས་ལེགས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཕྱོགས་གཉིས་ཀྱི་མ་འཇོག་རྒྱ་བསྐྱེད་དུ་གཏོང་བར་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡིན་པས། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་སྤྱི་དམངས་ལ་ཉིན་15ཕྱོགས་རྐྱང་པའི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་གཏན་འབེབས་བྱས་པ་ཡིན། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་རིག་གནས་དང་། གཞོན་ནུ། རིག་གཞུང་། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་སོགས་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ལམ་སྲོལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཏུའུ་ཏཱ་ཡིས་གསུངས་དོན། ངས་2015ལོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་བྱས་པ་དང་2022ལོའི་ལོ་འགོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པའི་གནས་ཚུལ་ད་དུང་གསལ་པོར་དྲན་གྱི་འདུག ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་བ་ལས་ཀྲུང་གོའི་འཕེལ་རྒྱས་ཀྱི་གསོན་ཤུགས་དེ་བས་རྒྱས་པ་མིག་མཐོང་ལག་ཟིན་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་དབུ་ཁྲིད་འོག་ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པར་ངས་སྙིང་དབུས་ནས་ཡི་རང་ཞུ་གི་ཡོད། 2016ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་ལན་ལ་རྒྱལ་དོན་འཚམས་འདྲི་གནང་བ་དེ་ཕོ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་ཕོ་ལན་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཧ་ཅང་ཆེན་པོ་བསྐྲུན་པ་མ་ཟད། ཀྲུང་གོ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པས་ཕོ་ལན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཕོ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་75སོང་རིང་། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཕྱིན་པ་ནི་ཐོག་མཐའ་བར་གསུམ་དུ་ཕན་ཚུན་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པར་རག་ལས་ཡོད། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོའི་ཡུན་རིང་གི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་རྒྱུན་འཁྱོངས་བྱས་པའི་འདུ་ཤེས་དང་དེ་བཞིན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་བརྟན་པོ་ཞུས་ནས་ཀྲུང་གོ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཚོང་དོན་དང་། ཞིང་ལས། རྨང་གཞིའི་སྒྲིག་བཀོད། ཕན་ཚུན་སྦྲེལ་མཐུད། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བ། གསར་གཏོད་དང་། གྲངས་འཛིན་དཔལ་འབྱོར། ནུས་གསར་རླངས་འཁོར་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱེད་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཕོ་ལན་ལ་མ་འཇོག་བྱེད་པར་ཡོང་བར་དགའ་བསུ་ཡང་ཞུ་རྒྱུ་ཡིན། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱེད་པ་དང་ཕོ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད། སང་ལོའི་ལོ་སྟོད་དུ་ཕོ་ལན་གྱིས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པ་དང་ཕོ་ལན་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་པ་དང་འབྲེལ་ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད།

ཕྱོགས་གཉིས་པོས་ད་དུང་ཡུག་རེན་གྱི་ཉམས་ཉེན་ཐད་བསམ་འཆར་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ཡུག་རེན་གྱི་ཉམས་ཉེན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་བར་འདུམ་མཐུན་འཇུག་དང་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པ་དེ་ཡིན། མིག་སྔར་གདོང་ཐུག་ཇེ་ཆེར་དང་ཛ་དྲག་ཏུ་མི་འགྲོ་བ་དང་། དུས་བབ་ཞི་ལྷོད་དུ་གཏོང་བ། ཞི་བའི་གྲོས་མོལ་གྱི་མཐུན་རྐྱེན་སྐྲུན་པ་བཅས་ཀྱི་ཐད་འབད་བརྩོན་བྱེད་དགོས། འདི་ནི་ཡོ་རོབ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མི་ལ་ལས་ཀྲུང་གོ་དང་ཨུ་རུ་སུའི་རྒྱུན་གཏན་གྱི་ཉོ་ཚོང་ལ་ཁ་གཡར་ནས་འགལ་ཟླ་གཞན་ལ་སྒྱུར་བ་དང་ཀྲུང་གོར་དམའ་འབེབས་གཏོང་བར་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་བའི་ངང་ཉམས་ཉེན་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་སོ་སོའི་བྱེད་ཐབས་ལ་བརྟེན་ནས་ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དཔལ་འབྱོར་ཚོང་དོན་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་ལྷན་དུ་དཔང་པོ་གནང་བ་རེད།

ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕོ་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱ་སྤྱོད་འཆར་གཞི(2024ལོ་ནས་2027ལོའི་བར)》ཁྱབ་བསྒྲགས་བྱས་པ་རེད།

གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཏུའུ་ཏཱ་དང་སྐུ་ཟླ་ཨ་ཅཱ་ཐར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

ཏུའུ་ཏཱ་དེ་གར་འབྱོར་སྐབས་གུས་དམག་གིས་གྲལ་འགྲིག་པོས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་སྐབས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཞིང་། གནམ་བདེ་སྒོ་མོའི་ཐང་ཆེན་ནས་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཏུའུ་ཏཱ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་རུ་སྟར་ལའང་གཟིགས་པ་རེད།

དེ་ཉིན་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཏུའུ་ཏཱ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་པ་རེད།

(ཚེ་སྒྲོལ་དང་ཚེ་ཁོས་སྒྱུར་ཞུས་བྱས)