03

ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་རྡོག་ཐོན་བྱས་པ། “ཞི་མཐུན་འགན་འཁྲི—2024ལོའི”ལས་འགན་བསྒྲུབས་པ། 2024年06月19日

ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་ཀྲེ་ཅང་ཀྲོའུ་ཧྲན་དམག་གྲུའི་གྲུ་ཁ་ཞིག་ནས་རྡོག་ཐོན་བྱས་ཏེ“ཞི་མཐུན་འགན་འཁྲི—2024ལོའི”ལས་འགན་སྒྲུབ་པར་བསྐྱོད་པ་རེད། ལས་འགན་སྒྲུབ་རིང་། སེ་ཧྲེར་དང་། ཐན་ཙན་ནི་ཡ། མ་ཏ་ཀ་སི་ཁར། མོ་ཙམ་པི་ཁེ། ལྷོ་ཨ་ཧྥེ་རི་ཁ། ཨན་ཀོ་ལ། ཁོང་ཀོ(པུའུ) ཀ་པོན། ཁ་མེ་རོང་། པེ་ནི་ན། མོ་རི་ཐ་ནི་ཡ། ཅི་པོའུ་ཐི། སི་རི་ལན་ཁ་སོགས་རྒྱལ་ཁབ་13ལ་འཚམས་འདྲི་བྱ་རྒྱུ་དང་འབྲེལ། སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་ཞོར་དུ་ཧྥ་རན་སེ་དང་ཀེ་རི་སེར་འཚམས་འདྲི་བྱ་རྒྱུ་རེད།

དེ་ནི“ཞི་བདེའི་གྲུ་ཆེན”རུ་སྟར་ནང་ཞུགས་ཚུན་གྱི“ཞི་མཐུན་འགན་འཁྲི”རབ་དང་རིམ་པའི་ལས་འགན་སྒྲུབ་ཐེངས་བཅུ་པ་ཡིན་ལ། མ་ཏ་ཀ་སི་ཁར་དང་། ལྷོ་ཨ་ཧྥེ་རི་ཁ། ཁ་མེ་རོང་། པེ་ནི་ན། མོ་རི་ཐ་ནི་ཡ། ཧྥ་རན་སེ། ཀེ་རི་སེ་བཅས་སུ་འཚམས་འདྲི་བྱེད་ཐེངས་ཐོག་མ་རེད། སྨན་བཅོས་ཞབས་ཞུ་སྤེལ་སྐབས“ཞི་བདེའི་གྲུ་ཆེན”གྱིས་གྲུ་གཟིངས་ཐོག་སྨན་བཅོས་དང་སྨན་བཅོས་ཡན་ལག་རུ་ཁག་གིས་སྐོར་སྐྱོད་སྨན་བཅོས་ཀྱི་ཐོག་ནས་སྨན་རིན་མི་དགོས་པར། ས་གནས་ཀྱི་དམངས་ཚོགས་དང་། ཀྲུང་གོ་ཕྱོགས་ཀྱི་སྒྲིག་གཞིའི་མི་སྣ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་བཅས་ལ་རྒྱུན་མཐོང་གི་ནད་གཞི་དང་ཕོག་སླ་བའི་ནད་གཞིར་སྨན་བཅོས་བྱ་རྒྱུ་རེད།

“ཞི་བདེའི་གྲུ་ཆེན”ནི་རང་རྒྱལ་གྱིས་རང་བདག་ཇུས་འགོད་དང་བཟོ་སྐྲུན་བྱས་པའི་མཚོ་ཐོག་སྨན་ཁང་གྲུ་གཟིངས་ཐོག་མ་དེ་རེད། 2008ལོར་རུ་སྟར་ནང་ཞུགས་ཚུན“ཞི་མཐུན་འགན་འཁྲི”ལས་འགན་གཙོ་བོར་བྱས་ནས་ཕྱི་རྒྱལ་དུ་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་ཞབས་ཞུ་ཐེངས་མང་སྤེལ་ཏེ་རྒྱལ་ཁབ་དང་ས་ཁུལ་45ལ་འཚམས་འདྲི་དང་། དམངས་ཚོགས་མི་ཐེངས་ཁྲི་29ལྷག་ཙམ་ལ་ཞབས་འདེགས་ཞུ་བ། གཤགས་བཅོས་ཐེངས་1700ལྷག་ཙམ་བྱས་པ་དང་འགྲུལ་བཞུད་ལམ་ཐག་མཚོ་ལེ་ཁྲི་29ལྷག་ཙམ་ཟིན་ཡོད། 2019ལོར་ཀྲུང་དབྱང་དྲིལ་བསྒྲགས་པུས་གྲུ་གཟིངས་དེར་“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་སྤྲད་པ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)