03

ཀྲུང་གོའི་འཕེལ་རྒྱས་གསར་པ་ནི་འཛམ་གླིང་གི་གོ་སྐབས་ཆེན་པོ་ཡིན། ཧོ་དབྱིན། 2024年06月19日

ཀྲུང་གོའི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱུན་མཐུད་སྲ་བརྟན་དུ་ཕྱིན་པ་དེས་འཛམ་གླིང་གི་གདེང་ཚོད་ཆེ་རུ་བཏང་བ་མ་ཟད། ཀྲུང་གོའི་འཕེལ་རྒྱས་གསར་པའི་ཁྲོད་ནས་ཕྱོགས་ཁག་ལ་གོ་སྐབས་གསར་པ་དེ་བས་མང་བ་ཐོབ་རྒྱུ་ཡིན་པ་མཚོན་གྱི་ཡོད།

ཀྲུང་གོའི་དཔལ་འབྱོར་ལ་ལྟ་སྟངས་ཡག་པོ་འཛིན་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཙོ་རྒྱུན་འབོད་སྒྲ་ཞིག་རེད། ཉེ་ཆར་འཛམ་གླིང་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་དུས་ཐེངས་གསར་ཤོས་ཀྱི《གོ་ལ་ཧྲིལ་པོའི་དཔལ་འབྱོར་རྒྱང་ལྟའི》སྙན་ཞུའི་ནང་བཏོན་དོན། 2024ལོར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་བྱས་ན་ད་ལོའི་ཟླ་དང་པོ་ལས་བརྒྱ་ཆའི་གྲངས་0.3ནས་4.8%བར་མཐོ་རུ་ཕྱིན་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ད་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་5%བར་མཐོ་རུ་གཏོང་རྒྱུ་ཡིན་པ་དེ་དེ་གོང་གི་སྔོན་དཔག་གྲངས་ཐང་ལས་བརྒྱ་ཆའི་གྲངས་0.4འཕར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་བ་5པའི་ཟླ་དཀྱིལ་དུ་སྙན་ཞུ་ཁྱབ་བསྒྲགས་བྱས་ནས་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་བྱས་པ་དེ་ད་ལོའི་ཟླ་བ་དང་པོའི་4.7%ནས་4.8%བར་མཐོ་རུ་བཏང་ཡོད། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་དང་། མོ་ཀེན་ཧྲི་ཏན་ལི། ཀའོ་ཧྲེང་། སུའེ་ཙེར་དངུལ་ཁང་སོགས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིས་ཀྱང་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་གཅིག་རྗེས་གཉིས་མཐུད་ངང་མཐོ་རུ་བཏང་བ་རེད། འདི་དག་ཚང་མས་ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་དཔལ་འབྱོར་འཕར་བའི་བརྟན་གཏོང་ཡོ་བྱད་དང་སྒུལ་ཤུགས་འབྱུང་ཁུངས་གལ་ཆེ་ཤོས་ཡིན་པ་གསལ་བཤད་བྱས་ཡོད།

ཀྲུང་གོའི་དཔལ་འབྱོར“བརྟན་པོའི”རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཞིང་། ད་ལོ་ནས་བཟུང་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་མུ་མཐུད་ལེགས་སུ་འགྲོ་བཞིན་ཡོད། དུས་ཚིགས་དང་པོར། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.3%འཕར་བ་དང་། འཛད་སྤྱོད་དང་། མ་འཇོག ཕྱིར་གཏོང་བཅས་གསུམ་འཁོར་སྐྱོད་ཡག་པོ་བྱུང་བ་དང་འཕར་སྣོན་དང་། ལས་ཞུགས། དངུལ་ལོར་འགྲེམ་ཐལ་ཤོར་བ། རྒྱལ་སྤྱིའི་གཏོང་ཡོང་བཅས་ཀྱི་གཞི་ཆེའི་དམིགས་ཚད་ཆེན་པོ་བཞི་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། ཀྲུང་གོ་འགག་སྒོ་ལས་ཁུངས་སྤྱི་ཁྱབ་ཧྲུའུ་ཡི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་མི་དམངས་ཤོག་སྒོར་གྱི་རིན་གོང་ལྟར་རྩིས་བརྒྱབ་པའི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་10ལས་བརྒལ་ནས་སྒོར་དུང་ཕྱུར་ཁྲི་10.17ཟིན་པ་དེ་དུས་མཚུངས་ལས་5%འཕར་ནས་དུས་ཚིགས་6ཚུན་གྱི་ཟིན་ཐོ་གསར་པ་བཏོད་ཡོད། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་དང་འབོ་གསེར་རྒྱལ་ཁབ་གཞན་དག་ལ་ཕྱིར་གཏོང་ནང་འདྲེན་བྱས་པའི་འཕར་ཚད་ཚང་མ་སྤྱི་ཡོངས་ལས་མཐོ་བ་ཡོད། འཛམ་གླིང་གི་བཟོ་སྐྲུན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཁག་གི་ཁྲོམ་རར་ནུས་གོང་གཉིས་བསྡུར་མཐོ་བའི་ཐོན་རྫས་མཁོ་འདོན་བྱེད་པའམ་ཡང་ན་འཛམ་གླིང་གི་འཛད་སྤྱོད་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཁག་གི་ཐོན་རྫས་ལ་དགོས་མཁོ་གཏོད་པའི་ཐད་ཀྲུང་གོས་དགེ་མཚན་ལྡན་ལ་མངོན་གསལ་དོད་པའི་ནུས་པ་འདོན་སྤེལ་བྱས་ཡོད།

ཀྲུང་གོའི་དཔལ་འབྱོར“ཡར་རྒྱས”ཀྱི་རྣམ་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ལན་པར་དག་ལག་རྩལ་གསར་པ་དང་ཐོན་རྫས་གསར་པར་བརྟེན་ནས་རྩེ་གྲར་སླེབས་ཡོད། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར་ཀྲུང་གོའི་ནུས་གསར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་མགྱོགས་མྱུར་འཕར་ནས་རླངས་འཁོར་ཁྲི་392.6དང་ཁྲི་389.5སོ་སོར་ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་30.7%དང་32.5%སོ་སོར་འཕར་ནས་ཁྲོམ་ར་བཟུང་ཚད་33.9%ཟིན་ཡོད། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པའི་སྐྱེད་སྲིང་ཡང་སྐས་རིམ་གསར་པར་སླེབས་ཡོད། དུས་ཚིགས་དང་པོར་ཀྲུང་གོའི་བར་བརྒྱུད་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་4.4%འཕར་བ་དང་། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་9.6%འཕར་བ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱི་རྒྱལ་མཛོད་ཁང་ནས་ཕྱིར་གཏོང་བྱེད་ཚད་11.8%འཕར་ཡོད། དེ་དག་ཚང་མས་ཀྲུང་གོའི་དཔལ་འབྱོར་གྲུབ་ཚུལ་ལེགས་སུ་འགྲོ་བ་དང་སྤུས་ཚད་དང་ཕན་འབྲས་ལེགས་སུ་འགྲོ་བ་མ་ཟད། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་སྐྱེད་སྲིང་དང་འཚར་ལོངས་བྱུང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་མཚོན་གྱི་ཡོད།

ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་འགྲོ་བཞིན་ཡོད་ཅིང་། ཁྲོམ་རར་ཞུགས་འཐུས་རྒྱ་ཆེར་གཏོང་བ་དང་དེང་རབས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱིས་ཕྱི་ཕྱོགས་སྒོ་དབྱེ་མགྱོགས་སུ་གཏོང་བ་ནས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བར་ལྟ་སྟངས་གཅིག་མཚུངས་འཛིན་པར་སྤུས་ལེགས་ཀྱི་ཞབས་འདེགས་ཞུ་བའི་བར་དང་། དེ་ནས་ཤེས་བྱའི་བདག་དབང་དང་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བར་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་དང་ཁེ་སྤོགས་མཉམ་སྤྱོད་བྱེད་ཀྱི་ཡོད། “ཀྲུང་གོའི་རྣམ་པ་དང་ཁེ་ལས་ཀྱི་གྲུབ་ཚུལ་མི་འདྲ་བ་དེས་ཤིས་མོན་ཙེ་ཀུང་སིར་གྲུབ་ཆའི་རང་བཞིན་གྱི་གོ་སྐབས་སྦྱིན་ཡོད” “ཀྲུང་གོ་ལས་ལྷག་པའི་ཁྲོམ་ར་མེད”རྒྱལ་སྒྲོལ་ཁེ་ལས་ཀྱི་འགན་འཁུར་བའི་གཏམ་བཤད་ལས“ཀྲུང་གོའི་ཁྲོམ་ར་ཐོབ་ཚེ་གཞི་ནས་འབྱུང་འགྱུར་ལ་རྒྱལ་ཁབ་ཐོབ་སྲིད”ཅེས་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱི་ཐུན་མོང་ངོས་འཛིན་མཚོན་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཀྲུང་གོའི་ཁྲོམ་ར་ནི་རྒྱལ་ཁབ་ཁག་གི་ཁེ་ལས་འགྲན་རྩོད་སྦྱོང་བརྡར་དང་གསར་གཏོད་འཚར་ལོངས་ཡོང་བའི་བསོད་ནམས་ཞིང་ས་ཞིག་ཡིན་པ་མཚོན་གྱི་ཡོད། འཇར་མན་གྱི་ཁེ་ལས་འབྲིང་ཆུང་གི་མངོན་མེད་ཨང་དང་པོའི་སློབ་ཚོགས་ཀྱི་ཀྲུའུ་ཞི་ཝར་ཐེ·ཏུའོ་ལིན་གྱིས། “ཀྲུང་གོར་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་ཡོད། མིག་སྔར་འཇར་མན་གྱི་གོ་ལ་ཧྲིལ་པོའི་ཁྲོམ་རའི་སྣེ་འདྲེན་ཁེ་ལས་500ཙམ་གྱི་ནང་ནས་90%ལྷག་ཙམ་ཀྲུང་གོ་དང་མཉམ་ལས་ཀྱི་འབྲེལ་བ་ཡོད། ཁེ་ལས་གང་རུང་ཞིག་གོ་ལ་ཧྲིལ་པོའི་ཁྲོམ་རའི་འགོ་ཁྲིད་པར་འགྱུར་འདོད་ན་ཀྲུང་གོ་དང་མཉམ་ལས་བྱེད་དགོས་ངེས་རེད”ཅེས་བཤད། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་བརྟན་པོ་འཕར་བ་དེས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ཙམ་ཟིན་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཞིབ་འཇུག་བྱས་པ་ལས་མངོན་པར། ཀྲུང་གོའི་དཔལ་འབྱོར་བརྒྱ་ཆའི་གྲངས་1འཕར་ཚེ་དཔལ་འབྱོར་དངོས་ཚན་གཞན་དག་གི་ཐོན་ཚད་ཆ་སྙོམས་བརྒྱ་ཆའི་གྲངས་0.3མཐོ་རུ་འགྲོ་རྒྱུ་རེད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གདིང་ཤུགས་ཆེ་ཤོས་ལྡན་པའི་ཁྲོམ་ར་ཆེན་པོ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་གཙོ་བོའང་ཡིན། འཛད་སྤྱོད་ཁྲོམ་ར་རྒྱ་སྐྱེད་རིམ་སྤོར་དང་ལག་རྩལ་གསར་གཏོད་བྱེད་པ་དང་བསྟུན་ནས་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་འཛམ་གླིང་དཔལ་འབྱོར་ལ་དྲང་ཕྱོགས་ཀྱི་ཕན་པ་དེ་བས་ཆེ་བ་ཐོབ་རྒྱུ་རེད།

(རིག་རྡོར་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)