འདི་ག་ཚགས་པར་གྱི་གསར་འགོད་པ། པའེ་ཅན་ཧྥུང་།
རྒྱང་སྒྲིབ་ནད་རང་རྒྱལ་གྱི་རྒྱལ་དམངས་དང་ལྷག་པར་དུ་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་མིག་དབང་བདེ་ཐང་ལ་ཤུགས་རྐྱེན་བཟོ་བའི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་བཞིན་ཡོད་པས། རྒྱང་སྒྲིབ་ནད་སྔོན་འགོག་དང་། ཚོད་འཛིན། སྨན་བཅོས་བཅས་ཚད་ལྡན་དུ་གཏོང་བའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་ནད་འགོག་བཅོས་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད། ཉེ་དུས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《རྒྱང་སྒྲིབ་ནད་འགོག་བཅོས་ཀྱི་ཕྱོགས་སྟོན(2024ལོའི་པར་གཞི)》ཁྱབ་བསྒྲགས་བྱས་པ་རེད།
བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པར་སྤྱི་པའི་འཕྲོད་བསྟེན་ངོས་ནས་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བུད་མེད་དང་བྱིས་པ་སིའི་སི་ཀྲང་གཞོན་པ་ཧྲེན་ཧའེ་ཕིང་གིས། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་ཕན་འབྲས་ཡག་པོ་ཐོན་པ་སྟེ། རྒྱལ་ཡོངས་སུ་ལོ་0ནས་དྲུག་བར་གྱི་བྱིས་པའི་མིག་གི་བདེ་སྲུང་དང་མིག་ཤེད་བརྟག་དཔྱད་བྱེད་ཚད་95.1%ཟིན་པ་དང་། 2022ལོར་བྱིས་པ་དང་གཞོན་ནུ་ལོ་ཆུང་སྤྱི་ཡོངས་ཀྱི་རྒྱང་སྒྲིབ་ནད་ཕོག་ཚད་དང་ལོ་དྲུག་གི་བྱིས་པར་རྒྱང་སྒྲིབ་ནད་ཕོག་ཚད་51.9%དང་12.7%སོ་སོར་ཟིན་པ་དེ་2018ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.7དང་1.8སོ་སོར་ཆག་སྟེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡང་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྔར་བཞིན་དཀའ་ཚེགས་ཆེ་ཞིང་ལམ་ཐག་རིང་པོ་ཡོད་ཅེས་བརྗོད།
རྒྱལ་ཡོངས་ཀྱི་ལོང་བ་སྔོན་འགོག་ལག་རྩལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་པེ་ཅིང་ཐུང་རེན་སྨན་ཁང་མིག་ནད་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཉིང་ལི་ཡིས། 2018ལོའི་ཟླ་དྲུག་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《རྒྱང་སྒྲིབ་ནད་འགོག་བཅོས་ཀྱི་ཕྱོགས་སྟོན》ཡོངས་བསྒྲགས་བྱས་ཤིང་། རྒྱལ་ཁབ་ཕྱི་ནང་དུ་རྒྱང་སྒྲིབ་ནད་ཞིབ་འཇུག་བྱེད་པ་དང་ཆབས་ཅིག་རྒྱང་སྒྲིབ་ནད་འགོག་བཅོས་ཀྱི་ལག་རྩལ་དང་བྱ་ཐབས་ཀྱང་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་དེ་རྒྱལ་ཡོངས་ཀྱི་ལོང་བ་སྔོན་འགོག་ལག་རྩལ་མཛུབ་ཁྲིད་ཚོགས་ཆུང་སྒྲིག་འཛུགས་བྱས་ནས《རྒྱང་སྒྲིབ་ནད་འགོག་བཅོས་ཀྱི་ཕྱོགས་སྟོན》ལ་བཟོ་བཅོས་བརྒྱབ་སྟེ། 《རྒྱང་སྒྲིབ་ནད་འགོག་བཅོས་ཀྱི་ཕྱོགས་སྟོན(2024ལོའི་པར་གཞི)》བཟོས་ཡོད་ཅེས་ངོ་སྤྲོད་བྱས།
ཝང་ཉིང་ལི་ཡིས། རྒྱང་སྒྲིབ་ནད་སྔོན་འགོག་དང་ཚོད་འཛིན་ལ་མཐོང་ཆེན་བྱེད་དགོས་ལ། ནད་ཁམས་རང་བཞིན་གྱི་རྒྱང་སྒྲིབ་ནད་དང་འབྲེལ་བའི་མིག་རྩའི་ནད་འགྱུར་དང་མཉམ་བྱུང་ནད་རིགས་ལ་དམིགས་ནས་སྨན་བཅོས་ལ་ཡང་མཐོང་ཆེན་བྱེད་དགོས། ད་རེས་ཀྱི་ཕྱོགས་སྟོན་འདིར་བྱ་ཐབས་དེ་གཉིས་ཚུད་ཡོད། རྒྱང་སྒྲིབ་ནད་འགོག་བཅོས་ཀྱི་ཞབས་འདེགས་ཞུ་བའི་བརྒྱུད་རིང་ནང་། རིམ་ཁག་སྨན་བཅོས་སྒྲིག་གཞིས་འབྲེལ་ཡོད་ཀྱི་ནད་བརྟག་སྨན་བཅོས་ཕྱོགས་སྟོན་དང་། ལག་རྩལ་བཀོལ་སྤྱོད་ཚད་ལྡན། ནད་ཐོག་སྨན་བཅོས་བྱེད་ལམ། སྨན་རྫས་ཀྱི་གསལ་བཤད་ཡི་གེ་སོགས་ལ་བརྩི་སྲུང་ནན་པོ་ཞུས་ནས་སྨན་བཅོས་ཀྱི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་བཤད།
ད་རེས་ཀྱི་ཕྱོགས་སྟོན་གྱིས་རྒྱང་སྒྲིབ་ནད་འགོག་ཟོན་བྱ་རྒྱུ་དེ་རྒྱང་སྒྲིབ་ནད་ཀྱི་ཐོག་མའི་དུས་དང་། ན་བའི་དུས། ཚབས་ལྕི་བའི་དུས། ནད་ཁམས་རང་བཞིན་གྱི་དུས་བཅས་སུ་ཕྱེ་བ་མ་ཟད། དུས་ཁག་མི་འདྲ་བ་སོ་སོར་རྒྱང་སྒྲིབ་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཛུབ་ཁྲིད་གྲོས་འགོའང་བཏོན་ཡོད། སྤྱི་པའི་འཕྲོད་བསྟེན་ངོས་ནས་རྒྱང་སྒྲིབ་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་དུས་ཁག་སོ་སོར་དབྱེ་རྒྱུ་ཁ་སྣོན་བྱེད་དགོས་པའི་ཐད་ལ། ཝང་ཉིང་ལི་ཡིས། ནད་ཐོག་ནད་བརྟག་སྨན་བཅོས་ཐད་རྒྱང་སྒྲིབ་ནད་ལ་རིགས་དབྱེ་བ་དེས་སྤྱི་པའི་འཕྲོད་བསྟེན་ངོས་ཀྱི་རྒྱང་སྒྲིབ་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་ཡག་པོ་བྱེད་མི་ཐུབ་པས། སྤྱི་པའི་འཕྲོད་བསྟེན་ངོས་ཀྱི་དུས་ཁག་དབྱེ་རྒྱུ་ཁ་སྣོན་བརྒྱབ་པ་དེས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དང་ལག་རྩལ། དམིགས་ས་ཡོད་པའི་སྒོ་ནས་འོད་འཁྱོག་ཚད་མི་འདྲ་བའི་ཚོགས་སྤྱིར་ལག་ལེན་བསྟར་ནས་འགོག་ཟོན་ལས་དོན་ལ་སྔར་བས་གནད་སྨིན་མཛུབ་ཁྲིད་བྱེད་ཐུབ་པས་རེད་ཅེས་ངོ་སྤྲོད་བྱས།
མ་ཐོན་སྔོན་འགོག་བྱས་ནས་ཕྱི་རོལ་བྱེད་སྒོར་མང་ཙམ་ཞུགས་དགོས།
ཕྲུ་གུ་སྐྱེས་མ་ཐག་པའི་སྐབས། མིག་གི་རྒྱལ་མོ་ཆུང་ཞིང་མིག་མདའ་ཧ་ཅང་ཐུང་ངུ་ཡོད། དེ་དུས་མིག་གཉིས་པོ་ལུས་ཁམས་ནུས་པའི་རྒྱང་སྒྲིབ་ཏུ་གནས་ནས་རྒྱང་སྒྲིབ་ཀྱི་འཇལ་གྲངས་ངེས་ཅན་ཡོད་པས་དེར་རྒྱང་སྒྲིབ་གསོག་ཚད་ཅེས་བརྗོད་ཀྱི་ཡོད།
ཝང་ཉིང་ལི་ཡིས། ལོ་ཚད་དང་དེ་མཚུངས་ཀྱི་རྒྱང་སྒྲིབ་གསོག་ཚད་ནི་རྒྱང་སྒྲིབ་ནད་སྔོན་དཔག་བྱེད་པའི་་སྟོན་གྲངས་ཡག་ཤོས་ཤིག་རེད། གལ་སྲིད་བྱིས་པ་དང་གཞོན་ནུ་ལོ་ཆུང་གིས་མིག་གིས་ཐག་ཉེ་སར་ལྟ་ཚད་མང་དྲགས་ན་རྒྱང་སྒྲིབ་གསོག་ཚད་དེ་ལོ་ཚད་དང་དེ་མཚུངས་ཀྱི་ཚད་གཞིའི་ཁྱབ་ཁོངས་ལས་དམའ་བ་ཆགས་ཀྱི་ཡོད། གལ་སྲིད་སློབ་ཆུང་ལོ་རིམ་དང་པོ་ནས་རྒྱང་སྒྲིབ་གསོག་ཚད་ཟད་དྲགས་ན་སློབ་ཆུང་དུས་མཚམས་ནས་རྒྱང་སྒྲིབ་ནད་ཐོན་སླ་པོ་ཡོད། དེས་ན་བྱིས་པའི་རྒྱང་སྒྲིབ་གསོག་ཚད་སྲུང་སྐྱོབ་ཡག་པོ་བྱ་ཆེད་རྒྱང་སྒྲིབ་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དེ་སློབ་ཞུགས་གོང་གི་བྱིས་པ་ནས་འགོ་བཙུགས་དགོས་ཞེས་ངོ་སྤྲོད་བྱས།
ཧྲེན་ཧའེ་ཕིང་གིས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱང་སྒྲིབ་མ་ཐོན་སྔོན་འགོག་ལ་སྐུལ་འདེད་བཏང་ནས་ལོ་0ནས་དྲུག་བར་གྱི་བྱིས་པའི་མིག་གི་བདེ་སྲུང་དང་མིག་ཤེད་བརྟག་དཔྱད་ཀྱི་ཞབས་ཞུ་ཚད་ལྡན་དུ་བཏང་ནས་ཟླ་བ་ཉི་ཤུ་རྩ་བཞི་དང་། ཟླ་བ་སུམ་ཅུ་སོ་དྲུག ཡང་ན་ལོ་0ནས་དྲུག་བར་བཅས་ཀྱི་ཕྲུ་གུའི་མིག་གི་འོད་འཁྱོག་ཚད་གསལ་འབྱེད་བྱས་ནས་བྱིས་པའི་ཉེ་སྒྲིབ་གསོག་ཚད་བརྟག་དཔྱད་བྱེད་དགོས། “གལ་སྲིད་ཕྲུ་གུའི་ཉེ་སྒྲིབ་གསོག་ཚད་མི་འདང་བ་བརྟག་དཔྱད་ཚད་ལེན་ཐུབ་ཚེ། ང་ཚོས་ཁྱིམ་བདག་ལ་ཕྲུ་གུར་མིག་གིས་ལྟ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་པ་དང་། ལུས་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་རོལ་གྱི་བྱེད་སྒོར་མང་ཙམ་ཞུགས་པ། རང་བྱུང་ཁམས་དང་ཉེ་བཅར་བཅས་བྱེད་པར་མཛུབ་ཁྲིད་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད”ཞེས་བརྗོད།
ཝང་ཉིང་ལི་ཡིས། ཕྱི་རོལ་གྱི་བྱེད་སྒོས་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ནུས་ལྡན་ཐུབ་ཀྱི་ཡོད། དེའང་ཐོག་མར་ཕྱི་རོལ་དུ་བྱེད་སྒོར་ཞུགས་པའི་དུས་ཚོད་འགན་ལེན་ཡག་པོ་བྱས་ནས་ཉིན་ལྟར་ཕྱི་རོལ་དུ་བྱེད་སྒོར་ཞུགས་ཚད་ཆུ་ཚོད་2ལས་མི་ཉུང་བ་དགོས། སློབ་གྲྭས་སློབ་གསེང་གི་ཕྱི་རོལ་བྱེད་སྒོ་མང་ཙམ་སྤེལ་དགོས་པ་མ་ཟད། སློབ་གྲྭ་གྲོལ་རྗེས་དང་གཟའ་མཇུག་ཏུ་ཁྱིམ་བདག་དང་ལྟ་སྲུང་བས་ཕྲུ་གུ་ཕྱི་རོལ་གྱི་བྱེད་སྒོར་མང་ཙམ་ཞུགས་སུ་འཇུག་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
རང་རྒྱལ་གྱིས་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱབ་སྒྲིབ་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་དམངས་ཀྱི་བདེ་ཐང་འཆར་འགོད་དང་ཀྲུང་གོའི་བྱིས་པ་འཕེལ་རྒྱས་གཏོང་བའི་རྩ་གནད་ནང་འཇུག་རྒྱུ་ཡིན་ཞིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྡེ་ཚན་མང་པོ་དང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་དཔྱད་གླེང་དཔྱད་ཞིབ་བྱས་ཏེ་ས་གནས་ཁག་གིས་སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཚན་དབར་མཐུན་སྦྱོར་གྱི་ལས་ཀའི་ལམ་སྲོལ་འཛུགས་པར་སྐུལ་འདེད་བཏང་ནས་སློབ་གྲྭ་དང་། ཁྱིམ་ཚང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི། སྤྱི་ཚོགས་ཡོངས་བཅས་ཀྱིས་མཉམ་དུ་བྱ་སྤྱོད་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དང་། སྨན་བཅོས་སྒྲིག་གཞི་དང་སློབ་གྲྭའི་དབར་མཐུན་སྦྱོར་ལམ་སྲོལ་འཛུགས་པར་ལྕག་སྐུལ་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་སློབ་མར་བདེ་ཐང་སློབ་གསོ་དང་། འོད་འཁྱོག་ཚད་ཞིབ་བཤེར། མིག་ཤེད་བརྟག་དཔྱད། ཚད་ལྡན་གྱི་ཡོ་བསྲང་སྨན་བཅོས་བཅས་ཀྱི་ཞབས་འདེགས་ཞུ་རྒྱུ། ཚན་རིག་ཁྱབ་གདལ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱང་སྒྲིབ་སྔོན་འགོག་ཆུང་དུས་ནས་བྱེད་པ་དང་། མིག་གིས་ལྟ་བའི་གོམས་གཤིས་བཟང་པོ་འཇགས་པ། ལོ་ཚད་ཕྱེ་ནས་བརྙན་ཐུང་རིགས་ཀྱི་གློག་རྡུལ་ཐོན་རྫས་བེད་སྤྱོད་བྱེད་ཚད་ཉུང་དུ་གཏོང་དགོས། ཉིན་ལྟར་མིག་གི་བདེ་སྲུང་ལུས་རྩལ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ཚན་རིག་ཤེས་བྱ་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་ནས་ཁྱིམ་བདག་ལ་ཆུང་དུས་ནས་བྱིས་པའི་རྒྱང་སྒྲིབ་ནད་སྔོན་འགོག་ལ་དམ་འཛིན་ཡག་པོ་བྱེད་པར་མཛུབ་ཁྲིད་བྱ་རྒྱུ་ཡིན་པ་བཅས་རེད།
“ང་ཚོས་མ་ཐོན་སྔོན་འགོག་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ལོ་0ནས་དྲུག་བར་གྱི་བྱིས་པའི་མིག་དབང་བདེ་སྲུང་དང་མིག་ཤེད་བརྟག་དཔྱད་ཞབས་ཞུ་དོན་འཁྱོལ་ཡོང་བར་གཙོ་གནད་ཐོག་དམ་འཛིན་བྱས་ཏེ་ཆུང་དུས་ནས་དམ་འཛིན་གྱིས་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྲུ་གུའི་མིག་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས”ཞེས་ཧྲེན་ཧའེ་ཕིང་གིས་བརྗོད།
(པ་ཚེ་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)