“ཤེས་དཔལ་དར་རྒྱས་དང་མིའི་རིགས་ཡར་ཐོན་ནི་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་སྒོ་དབྱེ་བསྟུན་མཁས་དང་ཁ་འབྲལ་ཐབས་མེད་ལ་ཤེས་དཔལ་སྤེལ་རེས་དང་སློབ་སྦྱོང་དཔྱད་གཞིར་འཛིན་པ་དང་ཡང་ཁ་འབྲལ་ཐབས་མེད”ཕ་ཁི་སི་ཐན་ཧ་ཀྲ་ལཱ་སློབ་ཆེན་ཕ་ཁི་སི་ཐན་ཞིབ་འཇུག་ཚན་ཁག་གི་ཀྲུའུ་རེན་ཨའེ་ཧྲ·ཨ་ལ་མུའུ་ཡིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་དེ་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ་དེ་ནི་དུས་རབས་གསར་པར་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཁོ་འདོན་བྱས་པའི་སྤྱི་པའི་ཐོན་རྫས་གལ་ཆེན་གྱི་གྲས་ཤིག་རེད་ཅེས་བརྗོད།
“ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་ཤེས་དཔལ་སྤེལ་རེས་ལ་གོ་སྐབས་གསར་པ་འཕྲད་ཡོད”ཨ་ལ་མུའུ་ཡིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་ཁྲིད་སྟོན་འོག་ཕ་ཀྲུང་རྒྱལ་ཁབ་གཉིས་པོས་གནའ་རྫས་རྟོག་ཞིབ་དང་རྟེན་རྫས་ཁང་གི་སྤེལ་རེས་སོགས་ཁྱབ་ཁོངས་སུ་མཉམ་ལས་མང་པོ་བྱས་ཏེ་ཕ་ཁི་སི་ཐན་གྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ལ་སྲུང་སྐྱོང་དང་ཞིབ་འཇུག་དེ་བས་ལེགས་པ་བྱེད་བཞིན་ཡོད་ལ། “ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་ཁྲོད་བཀྲག་མདངས་གསར་པ་འཚེར་བཞིན་ཡོད། ང་ཚོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་དང་། ཐུན་མོང་ཐོག་བདེ་འཇགས་སྐྲུན་པ། ཐུན་མོང་ཐོག་ཤེས་དཔལ་དར་རྒྱས་གཏོང་བ་བཅས་བྱས་ཏེ་མཉམ་ཤུགས་བཏོན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ལེགས་སྐྱེས་འབུལ་དགོས”ཞེས་བརྗོད།
ཨ་ལ་མུའུ་དེ་སྔ་མཁས་པ་སློབ་སྐོར་བ་ཞིག་གི་ངོས་ནས་ཀྲུང་གོར་འཚམས་འདྲིར་ཡོང་མྱོང་ཡོད། “ཀྲུང་གོའི་གཞོན་ནུ་མཁས་དབང་དང་སྤེལ་རེས་དང་མཉམ་འགུལ་བྱས་པ་བརྒྱུད་ང་ཚོའི་དབར་རིག་གཞུང་ཐད་ཕན་ཚུན་བློ་སྒོ་ཕྱེ་ཐུབ་པ་མ་ཟད། འཚོ་བའི་ཁྲོད་དུའང་གྲོགས་པོ་ཡག་པོ་ཞིག་ཏུ་གྱུར་ཡོད”ཅེས་ཨ་ལ་མུའུ་ཡིས་བརྗོད་ཅིང་། ལས་རོགས་དང་གྲོགས་པོ་ཡིན་པའི་ཀྲུང་གོ་བ་ཚོ་དང་སྤེལ་རེས་དང་མཉམ་འགུལ་བྱས་པ་བརྒྱུད་ཁོང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤེས་རྟོགས་དེ་བས་གཏིང་ཟབ་ཐུབ་ཡོད།
ཨ་ལ་མུའུ་ཡིས་ཕ་ཁི་སི་ཐན་དུ་གཞོན་ནུ་དེ་བས་མང་བས་རྒྱ་ཡིག་སློབ་སྦྱོང་བྱེད་འགོ་བཙུགས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་དོ་ཁུར་དང་དགའ་ཞེན་བྱེད་ཀྱི་ཡོད་པ་དང “ད་ཆ་ཁོང་ཚོར་ཀྲུང་གོར་ཕྱི་སྦྱོང་སློབ་མ་བྱེད་པའམ་ཡང་ན་སློབ་སྐོར་བྱེད་པར་བསྐྱོད་པའི་གོ་སྐབས་དེ་བས་མང་བ་ཡོད། ཕ་ཁི་སི་ཐན་དུ་ལོག་རྗེས་ཁོང་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་གིས་ཕ་ཁི་སི་ཐན་དུ་ལས་སྒོ་གཉེར་བར་ཡོང་མཁན་ཀྲུང་གོའི་ཁེ་ལས་སུ་ལས་ཀ་བྱ་རྒྱུ་གདམ་ག་བྱེད་པ་དང་འབྲེལ་རིམ་བཞིན་ལག་རྩལ་དང་དོ་དམ་ཤེས་ལྡན་པར་གྱུར་ནས་ཕ་ཀྲུང་གི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་སྣོན་བཞིན་ཡོད”ཅེས་བརྗོད།
(འདི་ག་ཚགས་པར་ཁང་དུ་དབྱི་སི་ལམ་པོ་ནས་འབྱོར་བའི་གློག་འཕྲིན)
(བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་དང་མཚམས་གཅོད་ཀྱིས་ཞུས)