འདི་ག་ཚགས་པར་ཁང་དུ་ཐའེ་ཡོན་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གསར་འགོད་པར་ཧྲན་ཤིས་ཞིང་ཆེན་སློབ་བསྡུ་རྒྱུགས་སྤྲོད་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཧྲན་ཤིས་ཀྱིས་2024ལོར་རིག་དངོས་ཀྱི་གོ་ཆོད་ཤེས་ལྡན་པ་རིན་མེད་དམིགས་འཛུགས་གསོ་སྐྱོང་བྱེད་པའི་སློབ་བསྡུའི་ལས་དོན་མུ་མཐུད་ལག་ལེན་བསྟར་རྒྱུ་ཡིན་པ་དང་། དམིགས་བཙུགས་ཀྱི་སློབ་མ་བསྡུ་བའི་ས་ཁོངས་ཧྲན་ཤིས་ཞིང་ཆེན་གྱི་རྫོང(གྲོང་ཁྱེར་དང་ཆུས)76ནས་སློབ་མ་106བསྡུ་རྩིས་ཡོད་པ་རེད།
རིག་དངོས་ཀྱི་གོ་ཆོད་ཤེས་ལྡན་པ་རིན་མེད་དམིགས་འཛུགས་གསོ་སྐྱོང་བྱེད་པ་ནི་ཧྲན་ཤིས་སློབ་ཆེན་གྱིས་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་གྱི་དགོས་མཁོ་གཞིར་བཟུང་ལོགས་སུ་བཙུགས་པའི་འཛིན་གྲྭ་ཞིག་ཡིན་པ་དང་དངོས་ཚན་ཆེད་ལས་སློབ་ཡུན་ལོ་བཞི་ཡིན་ཞིང་། སློབ་མ་སློབ་གྲྭར་ཞུགས་རྗེས་རྩ་དོན་ཐོག་སློབ་གྲྭ་དང་ཆེད་ལས་སྒྱུར་ཆོག་གི་མེད།
གཞི་རིམ་གྱི་ཆེད་ལས་ཤེས་ལྡན་པ་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད། 2022ལོ་ནས་བཟུང་། ཧྲན་ཤིས་ཀྱིས་ལོ་5བསྟུད་མར་རིག་དངོས་ཀྱི་གོ་ཆོད་ཤེས་ལྡན་པ་རིན་མེད་དམིགས་འཛུགས་ཀྱི་གསོ་སྐྱོང་འཆར་གཞི་མུ་མཐུད་ལག་ལེན་བསྟར་བ་དང་གསོ་སྐྱོང་གི་འགྲོ་གྲོན་ཞིང་ཆེན་ནོར་སྲིད་ནས་འགན་ཁུར་ཡོད། སློབ་མ་སློབ་མཐར་ཕྱིན་རྗེས་རྫོང(གྲོང་ཁྱེར་དང་ཆུས)དང་དེའི་གཤམ་འོག་གི་རིག་དངོས་སྲུང་སྐྱོང་བྱ་གཞག་ཚན་པར་ལས་ཞུགས་ཐད་ཀར་བྱེད་ཆོག་གི་ཡོད།