02

ཀྲུང་གོ་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་འགྲན་བསྡུར་ཆེན་པོའི(2024)བྱེད་སྒོ་སྤེལ་འགོ་ཚུགས་པ། 2024年06月15日

འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཀྲུང་གོ་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་འགྲན་བསྡུར་ཆེན་པོ(2024ལོ)“གཞོན་ནུའི་གསར་བརྗེའི་ཕུགས་འདུན་གཏོད་པའི་འགྲུལ་བཞུད”བྱེད་སྒོ་ཧྲང་ཧའེ་རུ་སྤེལ་འགོ་ཚུགས་པ་དང་འགོ་ཚུགས་མཛད་སྒོ་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་སྤྱི་ཁྱབ་སྒྲིག་སྦྱོར་བཟོ་སྐྲུན་ལྟེ་གནས་སུ་འཚོཌ་པ་རེད།

སློབ་གསོ་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཧོའེ་ཅིན་ཕུང་བྱེད་སྒོར་ཞུགས་པ་དང་འབྲེལ། གཏམ་བཤད་ཀྱང་སྤེལ་བ་རེད། སློབ་གསོ་པུའི་ཏང་ཙུའི་ཁོངས་མི་དང་པུའུ་ཀྲང་གཞོན་པ་ཝུའུ་ཡན་གྱིས་སློབ་མར་དར་ཆ་སྤྲད་པ་དང་ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཞེ་ཏུང་བྱེད་སྒོར་ཞུགས་པ་རེད།

ལོ་མང་རིང་བྱེད་སྒོའི་ནང་ཞུགས་པ་བརྒྱུད་རྒྱ་ཆེའི་གཞོན་ནུ་སློབ་གྲྭ་ཆེ་མོ་བ་གསར་བརྗེའི་ཁུལ་རྙིང་དང་། དབུལ་ཕོངས་ས་ཁུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅས་སུ་བསྐྱོད་དེ། ཆེད་ལས་ཤེས་བྱ་དང་གསར་གཏོད་གྲུབ་འབྲས་དེ་དགོས་མཁོ་དངོས་དང་སྦྲེལ་མཐུད་གནད་འཁེལ་བྱུང་ཡོད། འགོ་ཚུགས་མཛད་སྒོའི་ས་ཆ་དངོས་སུ་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་གཞོན་ནུའི་སློབ་མའི་འཐུས་མིས་གཞི་རིམ་སྨན་བཅོས་དང་། རིག་ནུས་བཟོ་སྐྲུན། ལྗང་མདོག་ཁོར་ཡུག མཚོ་ཐོག་མཁའ་དབྱིངས་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་ཁོང་ཚོའི་གསར་གཏོད་ལས་གཏོད་ཀྱི་ལག་ལེན་དངོས་མཉམ་སྤྱོད་བྱས་པ་དང་། ས་གནས་ས་ཐོག་ཏུ་ད་དུང་AIལག་རྩལ་སྤྱད་དེ་རྒྱལ་བབ་དང་བསམ་བློ་ཆབ་སྲིད་དང་། གསར་གཏོད་ལག་ལེན། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་སོགས་གཞི་གཅིག་ཏུ་འདུས་པའི་སློབ་ཚན་ཞིག་འཆར་འགོད་བྱས་པ་རེད།

ཀྲུང་གོ་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་འགྲན་བསྡུར་ཆེན་པོ(2024ལོ)ནི་སློབ་གསོ་པུའུ་སོགས་སྡེ་ཚན་དང་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་ཧྲང་ཧའེ་གྲོང་ཁྱེར་མིན་ཧང་ཆུས་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་ཡོད། འདི་ལོའི་འགྲན་བསྡུར་ཆེན་པོའི“གཞོན་ནུའི་གསར་བརྗེའི་ཕུགས་འདུན་གཏོད་པའི་འགྲུལ་བཞུད”བྱེད་སྒོ་དེས“ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས། གསར་གཏོད་ཕུགས་འདུན་གཏོད་པའི་ལང་ཚོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རྒྱ་ཆེའི་གཞོན་ནུ་སློབ་མས་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཟབ་མོ་སྐྱོང་སྤེལ་བྱེད་པར་ཁྲིད་སྟོན་བྱས་ནས། མི་སྒེར་གྱི་འབད་འཐབ་དེ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ནང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་རེད།

(ལྷ་དབང་དང་ལྷག་ཚེས་སྒྱུར་ཞུས་བྱས)