ནང་དོན་གཙོ་བོ།
ཁང་པའི་ནང་གི་དཀར་ཆའི་ཁོར་ཡུག་དེ་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་དང་འབྲེལ་བ་དམ་ཟབ་ཡོད། གསར་འགོད་པས་རྒྱལ་ཁབ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཅུས་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་བུ་གསོ་སྒྲིག་གཞི་དང་། བུ་བཅོལ་ཁང་། སློབ་གྲྭ་བཅས་ཀྱི་ཐད་ཀའི་རང་བྱུང་དཀར་ཆ་དང་། སྒེའུ་ཁུང་དང་ཁང་མིག་གི་རྒྱ་ཁྱོན་བསྡུར་ཚད། འོད་ཕོག་ཚད་སོགས་ཀྱི་གནས་ཚུལ་ལ་འཐེན་བཤེར་བྱས་ནས་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་མིག་གི་བདེ་ཐང་ཆེད་སློབ་ཁང་སོགས་ཁང་པའི་ནང་གི་དཀར་ཆ་ཚད་ལྡན་ཡོང་བའི་འགན་ལེན་བྱ་རྒྱུ་རེད།
འཐེན་བཤེར་བྱེད་དགོས་དོན་གང་ཡིན་ནམ།
ཁང་པའི་ནང་གི་དཀར་ཆ་དང་གློག་སྒྲོན་ནི་རྒྱང་སྒྲིབ་སྔོན་འགོག་ཐད་གལ་འགངས་ཧ་ཅང་ཆེན་པོ་ལྡན་ཡོད།
སློབ་གྲྭ་ནི་བྱིས་པ་དང་གཞོན་ནུ་ལོ་ཆུང་སློབ་སྦྱོང་བྱ་ཡུལ་གལ་ཆེན་ཞིག་རེད། བྱིས་པ་དང་གཞོན་ནུ་ལོ་ཆུང་ཚད་དང་མི་མཐུན་པའི་དཀར་ཆ་དང་གློག་སྒྲོན་འོག་སློབ་སྦྱོང་བྱེད་སྐབས། མིག་དཀའ་ལས་ཁག་དྲགས་ནས་རྒྱང་སྒྲིབ་ཕོག་ཉེན་ཇེ་ཆེར་འགྲོ་སྲིད། སློབ་ཁང་གི་དཀར་ཆ་དང་གློག་སྒྲོན་གྱི་ཁོར་ཡུག་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་དང་མཐུན་པའི་འགན་ལེན་བྱ་རྒྱུ་ནི་རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད།
རྒྱལ་ཡོངས་ལོང་འགོག་ལག་རྩལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཉིང་ལིས། ཕྱི་རོལ་གྱི་བྱེད་སྒོ་དང་། སྡོད་སྟངས། སྨྱུ་གུ་འཇུ་སྟངས་བཅས་དང་། དེ་བཞིན་ཁང་པའི་ནང་གི་དཀར་ཆ་ཚད་ལྡན་བཅས་ཚང་མ་ནི་རྒྱང་སྒྲིབ་སྔོན་འགོག་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཞིག་རེད། ལྷག་པར་དུ་ཁང་པའི་ནང་འོད་ཕོག་ཚད་དང་། འོད་ཁྱབ་ཁྱོན། དེ་མིན་ཉི་འོད་དང་མཚུངས་པའི་འོད་མདངས་བཅས་འདང་ངེས་ཡོད་ན། རྒྱང་སྒྲིབ་སྔོན་འགོག་བྱེད་ཐུབ།
འཐེན་བཤེར་ཇི་ལྟར་བྱེད་དགོས་སམ།
སྐབས་བསྟུན་གཉིས་ཀྱི་འཐེན་བཤེར་གྱིས་ཉུང་མཐར་ཡང་བསྡོམས་འབོར་གྱི་5%བཟུང་དགོས་པ།
ཉེ་ཆར། རྒྱལ་ཁབ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཅུས་སོགས་སྡེ་ཚན་3གྱིས་མཉམ་འབྲེལ་ཐོག《2024ལོའི་བུ་གསོ་སྒྲིག་གཞི་དང་། བུ་བཅོལ་ཁང་། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི། སློབ་གྲྭ་བཅས་ཀྱི་དཀར་ཆ་དང་གློག་སྒྲོན་ལ“སྐབས་བསྟུན་གཉིས”ཀྱི་འཐེན་བཤེར་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་གཞིར་བཟུང་། བུ་གསོ་སྒྲིག་གཞི་དང་། བུ་བཅོལ་ཁང་། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི། སློབ་གྲྭ་བཅས་ཀྱིས་རྫོང(ཆུས)ཚན་པར་བྱས་ཏེ་ཉུང་མཐར་ཡང་ཁོངས་གཏོགས་ཁུལ་གྱི་བསྡོམས་འབོར་གྱི་5%ལ་འཐེན་བཤེར་བྱེད་པ་མ་ཟད། གྲངས་འབོར་ཉུང་ཤོས་སློབ་གྲྭ་5ལས་ཉུང་མི་རུང་བ་དང་སློབ་གྲྭ་5ལས་ཉུང་བ་ཡོད་ཚེ་ཚང་མར་ཞིབ་དཔྱད་ཚད་ལེན་བྱེད་དགོས། “སྐབས་བསྟུན་གཉིས”ཀྱི་རྣམ་པའི་ཐོག་ནས་འཐེན་བཤེར་མི་སྣ་དང་ཞིབ་བཤེར་བྱ་ཡུལ་སྒྲིག་གཞི་འཐེན་དགོས་པ་དང་། འོད་འཚེར་ལ་སྔོན་འགོག་བྱ་ཐབས་དང་། མིས་བཟོས་གློག་སྒྲོན་སྒྲིག་སྦྱོར། སྒྲོག་ཙེའི་ངོས་ལ་འོད་ཕོག་ཚད། ནག་པང་དུ་འོད་ཕོག་ཚད་སོཌ་ཚང་མ་རྒྱལ་ཁབ་ཀྱི་འཐེན་བཤེར་ཁྱབ་ཁོངས་ནང་ཚུད་པ་དང་ས་གནས་དེ་གའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིས་ཞིབ་དཔྱད་ཚད་ལེན་བྱེད་པ་དང་འབྲེལ་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཀྱང་ཟིན་ཐོར་འགོད་དགོས།
2019ལོ་ཚུན་དུ་དུས་བཀག་ལྟར་འབྲེལ་ཡོད་འཐེན་བཤེར་ལས་དོན་ཡག་པོ་སྤེལ་བ།
ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོ་ཚུན་དུ། རང་རྒྱལ་གྱིས་དུས་བཀག་ལྟར་འབྲེལ་ཡོད་འཐེན་བཤེར་བྱས་ཡོད། འདི་ལོ་སྡེ་ཚན་3གྱིས་ད་དུང་འཐེན་བཤེར་བྱེད་སྟངས་དང་ནང་དོན་དེ་བས་ལེགས་སུ་གཏོང་རྒྱུ་སྟེ། གཅིག་ནི་ཕྲུ་གུ་དམར་འབྱར་འཚར་ལོངས་ཀྱི་ཁྱད་ཆོས་དང་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ་འཐེན་བཤེར་ལས་དོན་ལག་བསྟར་གནད་སྨིན་བྱས་ནས་བུ་བཅོལ་སྒྲིག་གཞི་དག་བུ་གསོ་སྒྲིག་གཞི་དང་བུ་བཅོལ་ཁང་དུ་དབྱེ་རྒྱུ་དང་། གཉིས་ནི་སྒྲིག་གཞི་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ཏེ་འཐེན་བཤེར་གྱི་ནང་དོན་དང་འཐེན་བཤེར་གྱི་ཚད་གཞི་ཁ་གསལ་བཟོས་ནས་ཞིབ་བཤེར་རྣམ་གྲངས་ལེགས་སྒྲིག་བྱ་རྒྱུ་རེད།
སི་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)ཁག་གི་སློབ་གྲྭ་900ལྷག་ཙམ་གྱི་སློབ་ཁྲིད་དང་འཚོ་བའི་ཁོར་ཡུག་ལ་ཞིབ་དཔྱད་ཚད་ལེན་བྱས་པ་དང་། སློབ་གྲྭའི་སྒྲོག་ངོས་དང་ནག་པང་དུ་འོད་ཕོག་ཚད་སོགས་མིག་ཤེད་ལ་ཤུགས་རྐྱེན་ཅུང་ཆེ་བའི་རྒྱུ་རྐྱེན་ལ་དམིགས་ནས་འབྲེལ་ཡོད་དག་ཐེར་གྱི་གྲོས་འགོ་བཏོན་པ་དང་། ཧོ་པེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་ནང་ཞུགས་རྒྱུར་དམ་འཛིན་དང་། སློབ་གསོ་སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས། ནོར་སྲིད་སྡེ་ཚན་གྱིས་གྲོན་དངུལ་འགན་ལེན་བཅས་བྱས་ནས་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་སྡེ་ཚན་དབར་གྱི་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། ཧྲང་ཧའེ་ཡིས་ཉེ་སྒྲིབ་གྲབས་གསོག་གི་ས་གནས་ཀྱི་ཚད་གཞི《བྱིས་པ་དང་གཞོན་ནུ་ལོ་ཆུང་གི་མིག་གཅེར་མིག་ཤེད་དང་འོད་ཀྱོག་ཚད་གདེང་འཇོག་ཚད་གཞི》ཁྱབ་བསྒྲགས་བྱས་པ་རེད།
མིག་སྔར། རང་རྒྱལ་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་སྤྱིར་རྒྱང་སྒྲིབ་ཕོག་ཚད་དམའ་རུ་འགྲོ་བཞིན་ཡོད། སྲིད་གཞུང་སྡེ་ཚན་དང་། ཆེད་ལས་སྒྲིག་གཞི། ཁྱིམ་ཚང་དང་། སློབ་གྲྭ སྡེ་ཁུལ་བཅས་དབར་མཉམ་ལས་དེ་བས་གཏིང་ཟབ་བྱས་ཚེ་རྒྱང་སྒྲིབ་ཕོག་མཁན་བྱིས་པ་དང་གཞོན་ནུ་ལོ་ཆུང་དེ་བས་ཉུང་དུ་འགྲོ་ཐུབ།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང་། གསར་འགོད་པ། ཀུའུ་ཐེན་ཁྲེང་དང་ཀུང་ཝུན)