ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ནུས་རྒྱུའི་འཛད་སྤྱོད་བྱེད་སྟངས་ཀྱི་འཕོ་འགྱུར་གྱི་ཕན་འབྲས་མངོན་གསལ་དོད་པ་དང་། ནུས་རྒྱུའི་འཛད་སྤྱོད་སྤྱི་འབོར་ཚོད་འཛིན་ནུས་ལྡན་ཐུབ་པ། ནུས་རྒྱུའི་འཛད་སྤྱོད་གྲུབ་ཆ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཟད་ཚད་དམའ་རུ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་སུ་གྱུར་ཡོད།
ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ནུས་རྒྱུ་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་དོན། ནུས་རྒྱུ་བདེ་འཇགས་ཀྱི་འཐབ་ཇུས་གསར་པའི་སྣེ་ཁྲིད་འོག་རང་རྒྱལ་གྱི་ནུས་རྒྱུའི་མཁོ་སྤྲོད་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ནུས་རྒྱུའི་འཛད་སྤྱོད་བྱེད་སྟངས་འཕོ་འགྱུར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། ནུས་རྒྱུའི་ལག་རྩལ་སྒྲིག་ཆས་ཀྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་པ། ནུས་རྒྱུའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་ཐེབས་པ། ནུས་རྒྱུའི་རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།
འགན་འཁུར་བ་དེས་ངོ་སྤྲོད་བྱས་དོན། རང་རྒྱལ་གྱི་ནུས་རྒྱུ་བདེ་འཇགས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ནུས་རྒྱུ་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་ལག་ལེན་གཏིང་ཟབ་བསྟར་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། གཅིག་ནས་སྤྱི་ཡོངས་དང་ཆ་ཤས་སྤྱི་འདོམས་བྱས་ནས་རྒྱལ་ཡོངས་ཀྱི་ནུས་རྒྱུ་འཕེལ་རྒྱས་ཀྱི་བསམ་ཇུས་གཅིག་མཐའ་འཁྱོངས་བྱས་ཏེ་ནུས་རྒྱུ་འཕེལ་རྒྱས་བརྟན་པོ་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས། གཉིས་ནས་འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་རྒྱུ་སྤྱོད་པའི་དགོས་མཁོ་འགན་ལེན་ནུས་ལྡན་བྱེད་དགོས་ཏེ། ནུས་རྒྱུ་གསར་པ་འཛུགས་སྐྲུན་དང་བེད་སྤྱོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ཕན་ནུས་ཆེན་པོས་བེད་སྤྱོད་ཐུབ་པ་བྱེད་པ་དང་། ནུས་རྒྱུ་གསར་པ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་སྲོལ་རྒྱུན་ནུས་རྒྱུ་མཁོ་སྤྲོད་བརྟན་པོ་བྱེད་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་བདེ་འཇགས་དང་བློས་འགེལ་ཆོག་པའི་སྒོ་ནས་ཚབ་བྱེད་ཐུབ་པ་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་སྒོ་དབྱེའི་ཆ་རྐྱེན་འོག་ནུས་རྒྱུ་བདེ་འཇགས་ཡོང་བ་བཅས་བྱེད་དགོས། གསུམ་ནས་མཁོ་སྤྲོད་དང་དགོས་མཁོ་སྤྱི་འདོམས་བྱས་ནས་ཕྱོགས་གཅིག་ནས་ནུས་རྒྱུའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་དམ་འཛིན་ཡག་པོ་བྱས་ཏེ་ལྗང་མདོག་ནུས་རྒྱུ་སྤུས་ཚད་མཐོ་བའི་མཁོ་སྤྲོད་འགན་ལེན་ནུས་ལྡན་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ནུས་རྒྱུའི་འཛད་སྤྱོད་གསར་བརྗེར་དམ་འཛིན་ཡག་པོ་བྱས་ཏེ་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། བཞི་ནས་སྲིད་གཞུང་དང་ཁྲོམ་ར་སྤྱི་འདོམས་བྱས་ནས་ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་འཛུགས་པར་མཐུན་སྦྱོར་བྱེད་དགོས།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། བདེ་དབང་གིས་ཞུས)