01

རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་གྱི་གཉེར་སྐྱོང་བྱེད་པོ་དུང་ཕྱུར་1.8ཡན་ཟིན་པ། གཉེར་སྐྱོང་བྱེད་པོ་ཆ་ཚང་གི་96.4%བཟུང་བ། 2024年06月15日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་ཟླ་བ་ལྔ་པའི་ཟླ་མཇུག་བར། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་གྱི་གཉེར་སྐྱོང་བྱེད་པོ་ཁྲི་18045ཟིན་ནས་གཉེར་སྐྱོང་བྱེད་པོ་ཚང་མའི་བསྡུར་ཚད་2019ལོའི་95.5%ནས་96.4%བར་འཕར་ཡོད་པ་རེད། དེ་དག་ཁྲོད་དམངས་གཉེར་ཁེ་ལས་ཁྲི་5517.7དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་12527.3ཡོད་པ་རེད།

མཐོ་གསར་ལག་རྩལ་ཐོན་ལས་ཀྱི་དམངས་གཉེར་དཔལ་འབྱོར་གཉེར་སྐྱོང་བྱེད་པོའི་བསྡུར་ཚད་བརྟན་པོའི་ངང་འཕར་བ། ལས་རིགས་ཁྱབ་ཚུལ་ཐོག་ནས་བལྟས་ན། བཟོ་སྐྲུན་ལས་རིགས་དང་། ཚན་རིག་ཞིབ་འཇུག ལག་རྩལ་ཞབས་ཞུའི་ལས་རིགས་སོགས་རྒྱལ་ཁབ་ཀྱིས་གཙོ་གནད་འཕེལ་རྒྱས་གཏོང་བའི་མཐོ་གསར་ལག་རྩལ་གྱི་ཐོན་ལས་ཐད། དམངས་གཉེར་དཔལ་འབྱོར་གཉེར་སྐྱོང་བྱེད་པོའི་བསྡུར་ཚད་2019ལོའི་95.9%དང་91.9%ནས་འདི་ལོའི་ཟླ་བ་ལྔ་པའི་96.1%དང་94.4%བར་སོ་སོར་འཕར་ཡོད་པ་རེད།

སྤྱི་པའི་ཞབས་ཞུ་དང་འབྲེལ་བའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལེགས་སུ་འགྲོ་བཞིན་ཡོད་པ། 2019ལོ་དང་བསྡུར་ན། འདི་ལོའི་ཟླ་ལྔ་པར། གློག་ཤུགས་དང་། ཚ་ཤུགས། སོལ་རླངས། ཆུའི་ཐོན་སྐྱེད་བཅས་དང་མཁོ་སྤྲོད་ལས་རིགས་ཀྱི་བསྡུར་ཚད་66.4%ནས་67.1%བར་འཕར་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་བཀར་འཇུག་དང་སྦྲག་སྲིད་ལས་རིགས་ཀྱི་བསྡུར་ཚད་95.89%ནས་97.2%བར་འཕར་ཡོད་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བསྟན་འཛིན་བཟང་མོས་ཞུས)