འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་སྔོན་གྲབས་འཇིག་རྟེན་འཕུར་སྐྱོད་པ་ཁག་བཞི་པའི་འདེམས་སྒྲུག་ལས་དོན་ཉིན་ཤས་གོང་མཇུག་འགྲིལ་ཞིང་། མཇུག་མཐར་སྔོན་གྲབས་འཇིག་རྟེན་འཕུར་སྐྱོད་པ་10བདམས་པའི་ནང་འཇིག་རྟེན་འཕུར་སྐྱོད་ཁ་ལོ་བ་8དང་ཐེག་ཁུར་རིགས་གཅིག་མཁས་ཅན་གཉིས(ཤང་ཀང་དང་ཨའོ་མོན་ས་ཁུལ་ནས་ཁག་སོ་སོར་ཐེག་ཁུར་རིགས་གཅིག་མཁས་ཅན་རེ་ཡོད)ཚུད་ཡོད་པ་རེད། ཕྱིས་འབྱུང་། ཁོང་ཚོ་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པའི་ཚན་ཞིབ་སྦྱོང་བརྡར་ལྟེ་གནས་སུ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྦྱོང་བརྡར་དང་ལེན་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད།
རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་སྔོན་གྲབས་འཇིག་རྟེན་འཕུར་སྐྱོད་པ་ཁག་བཞི་པའི་འདེམས་སྒྲུག་ལས་དོན་2022ལོའི་ལོ་སྨད་དུ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། ཐོག་མའི་འདེམས་སྒྲུག་དང་། བསྐྱར་འདེམས། འདེམས་སྒྲུག་གཏན་འཁེལ་བཅས་དུས་མཚམས་གསུམ་བརྒྱུད་ཡོད་པ་རེད།
མིག་སྔར་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་འདེམས་སྒྲུག་དང་ཁོང་ཚོར་སྦྱོང་བརྡར་སྤྲོད་པའི་མ་ལག་སྔར་བས་ཚགས་ཚུད་པོ་དང་འཐུས་སྒོ་ཚང་དུ་ཕྱིན་ཡོད་ཅིང་། མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་སྤྱིའི་མཉམ་ལས་ཇེ་ཟབ་ཏུ་འགྲོ་བ་དང་བསྟུན་ནས། ཕྱི་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པའང་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པའི་འདེམས་སྒྲུག་དང་སྦྱོང་བརྡར་ལ་ཞུགས་རྒྱུ་མ་ཟད། ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་འཕུར་སྐྱོད་ཀྱི་ལས་འགན་ཡང་སྒྲུབ་རྒྱུ་ཡིན་པ་རེད། (མཚམས་གཅོད་ཀྱིས་སྒྱུར་ཞུས་བྱས)